ཕུགས་བསམ་གྱི་བཀའ་མོལ།
ངས་ཕུགས་བསམ་གྱི་ཆེད་དུ་ངལ་བ་དང་དུ་བླངས་ནས་འབད་བརྩོན་བགྱིས་ནའང་། ཕུགས་བསམ་ནི་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བ་ལས་ངའི་ལག་གིས་རེག་ཐབས་བྲལ། རྒྱུ་མཚན་ཅི་ཞིག་ཡིན་ནམ་སྙམ་བཞིན་ཡིད་མུག་གིས་མནར་དུས། སྐབས་འགར་ཕུགས་བསམ་ནི་འཇའ་ཚོན་ཞིག་དང་འདྲ་བར། ཇི་ཙམ་གྱིས་དེ་དང་ཉེ་བར་བཅར་ན་དེ་ཙམ་གྱིས་རྒྱང་དུ་གྱེས་འགྲོ་བ་དང་། སྐབས་འགར་ཕུགས་བསམ་ནི་རྨིག་རྗེས་ཤིག་དང་འདྲ་བར། ཇི་ཙམ་གྱིས་མྱུར་བར་རྗེས་སུ་བསྙེགས་ན་དེ་ཙམ་གྱིས་མངོན་འགྱུར་ཡོང་དཀའ་བ་དང་། སྐབས་འགར་ཕུགས་བསམ་ནི་འཕྲེད་དུ་རྒྱུག་པའི་ཆུ་བོ་ཞིག་དང་འདྲ་བར། ཇི་ཙམ་གྱིས་བརྒལ་ནའང་དེ་ཙམ་གྱིས་གཏིང་རིང་དུ་འགྲོ་བ་དང་། སྐབས་འགར་ཕུགས་བསམ་ནི་བྲག་ཅ་ཞིག་དང་འདྲ་བར་ཇི་ཙམ་རྣ་བ་ཞིབ་ཏུ་བླགས་ན་དེ་ཙམ་གྱིས་ཐག་རིང་དུ་བཞུད་འགྲོ
དེས་ན། ཕུགས་བསམ་གྱི་དོན་དུ་ང་རང་ཡི་ཆད་དང་བློ་ཕམ་སྐྱེ་མྱོང་ལ། ཕུགས་བསམ་གྱི་དོན་དུ་མཚན་མོའི་སྐར་མ་ལ་ཅེར་བཞིན་མིག་ཆུ་ལྷུང་ལྷུང་དུ་གཏོང་མྱོང་། ཡིན་ནའང་། ངས་རྟག་ཏུ་རང་གི་ཕུགས་བསམ་ལ་འགྱུར་བ་གཏན་ནས་མ་བཏང་བར། ནམ་ཞིག་མངོན་འགྱུར་ཡོང་བའི་གདེང་ཚོད་ཀྱིས་ཁེངས་ཤིང་། དཔྱིད་ཀྱི་ཁ་བས་མིག་མདུན་གྱི་ལམ་བུ་རབ་རིབ་ཏུ་བཏང་ནའང་། ངས་ཕུགས་བསམ་གྱི་ཆེད་དུ་བཟོད་བསྲན་གྱིས་མདུན་དུ་གོམ་པ་སྤོ་མྱོང་། དབྱར་གྱི་ཆར་པས་མགོ་མཇུག་མ་ལུས་བརླན་ནའང་། ངས་ཕུགས་བསམ་གྱི་ཆེད་དུ་བཟོད་བསྲན་བྱེད་མྱོང་། སྟོན་གྱི་ཚ་བས་ལུས་ཕུང་བསྲེགས་པ་ལྟར་བྱས་ནའང་། ངས་ཕུགས་བསམ་གྱི་ཆེད་དུ་བཟོད་བསྲན་བྱེད་མྱོང་། དགུན་གྱི་གྲང་རླུང་རུས་ཀྱི་གཏིང་དུ་ཟུག་ནའང་། ངས་ཕུགས་བསམ་གྱི་ཆེད་དུ་བཟོད་སྒོམ་གྱི་ཨམ་གཙིགས་བསྡམས་མྱོང་། འོན་ཀྱང་། ཕུགས་བསམ་ནི་ང་རང་དང་ཐག་ཇེ་རིང་དུ་འགྲོ་བ་ལས་ངའི་སོར་རྩེས་རེག་པའི་སྐལ་བ་མ་རྙེད། དེས་ན། གྲོགས་པོ་ཚོས་ངའི་ངོ་མདོག་སྐྱ་བོར་ལྟ་བཞིན་དབུགས་རིང་འཐེན་པ་ལས་སེམས་རྩ་འཁོལ་བའི་སྐད་ཆ་ཚིག་གཅིག་ཀྱང་སྨྲ་མ་མྱོང་། ལས་རོགས་ཚོས་ངའི་ཉམ་ཆུང་གི་གཟུགས་ཕུང་ལ་ལྟ་བཞིན་ཡ་ང་མདོག་བྱེད་པ་ལས་བྱམས་སེམས་ཀྱི་ཕྱག་རོགས་རྐྱོང་མ་མྱོང་། སྤུན་ཟླ་ཚོས་ངའི་ཕམ་ཁ་ལ་བློ་ཕམ་ཡོད་མདོག་བྱེད་པ་ལས་ཤ་ཚའི་སེམས་གསོ་གང་ཡང་གནང་མ་མྱོང་། སྟབས་ལེགས་པ་ཞིག་ལ། ཡུམ་ཆེན་གྱིས་ངའི་ཁེར་རྐྱང་བདག་མེད་དུ་ལྷུང་བའི་ལུས་སེམས་ཀྱི་གདུང་བ་རང་དགར་རྟོགས་རྗེས། ཕྱག་ཟུང་དྲོན་མོས་ངའི་སྐྲ་ལོར་བྱིལ་བྱིལ་གནང་བཞིན། སུ་ཞིག་ལ་ཕུགས་བསམ་མེད་ན་མི་ཚེ་དོན་མེད་དུ་ཟད་ཉེན་ཆེ་བས་འདི་ནི་ཧ་ཅང་ཐབས་རྡུགས་ཤིག་རེད་། གང་ལ་ཕུགས་བསམ་ལྡན་ན་མི་ཚེ་ལ་ཁ་ཕྱོགས་ཡོད་པས་འདི་ནི་ཧ་ཅང་ཡིད་དུ་འོང་བ་ཞིག་རེད། གལ་ཏེ་ཕུགས་བསམ་ནི་མཐའ་ཡས་རྒྱ་མཚོར་སྙེག་པའི་ཆུ་ཕྲན་ཞིག་ཡིན་ན་ཉིན་མཚན་ཀུན་ཏུ་ངལ་བར་མ་འཛེམས་པར་རྒྱང་སྐྱོད་ཀྱི་གོམ་ཁ་ལྷོད་མི་རུང་ལ། གཡང་གཟར་གྲོག་རོང་ཅི་ལ་ཡང་མི་སྐྲག་པར་མདུན་དུ་སྐྱོད་པའི་སྙིང་སྟོབས་ཡོད་དགོས། གལ་ཏེ་ཕུགས་བསམ་ནི་མཛེས་སྡུག་ལྡན་པའི་འབྲས་ལྡན་གྱི་སྡོང་པོ་ཞིག་ཡིན་ན། དུས་བཞིའི་འགྱུར་བར་བསྟུན་ནས་བདག་སྐྱོང་ཡག་པོ་བྱེད་པར་གོམས་དགོས། དེས་ན། ཕུགས་བསམ་གྱི་ཆེད་དུ་བློ་ཕམ་དང་རྒྱལ་ཁ། སྐྱོ་སྣང་དང་དགའ་སྤྲོ། སྡུག་བསྔལ་དང་བདེ་སྐྱིད། ཁེར་རྐྱང་དང་ལྷན་འཛོམས། དམའ་འབེབས་དང་བསྟོད་བསྔགས། དོགས་པ་དང་ཡིད་ཆེས་སོགས་སྣ་ཚོགས་མི་ཚེའི་འགྱུར་བ་ཐ་དག་དང་བསྡེབས་པས་ན། ཕུགས་བསམ་ནི་ཅི་འདྲའི་རྙོག་འཛིང་ཆེ་བའི་མི་ཚེའི་བརྒྱུད་རིམ་ཞིག་ཅི་ལ་མིན། དེས་ན། ཁྱེད་ཀྱིས་ཕུགས་བསམ་མངོན་འགྱུར་གྱི་སླད་དུ་སྡུག་བསྔལ་དང་སྐྱོ་ཤས་ཁོ་ན་མི་འཆང་བར། བདེ་སྐྱིད་དང་དགའ་སྤྲོ་ཡོད་དགོས་ལ། ལེ་ལོ་དང་འཁང་ར་ཡོད་ཚད་དོར་ནས། མདུན་སྐྱོད་ཀྱི་གོམ་སྟབས་མ་ལྷོད་པར་རང་གི་ཕུགས་བསམ་གྱི་ཕྱོགས་སུ་འབད་ཚེ། ནམ་ཞིག་ཕུགས་བསམ་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་པའི་སྐྱེད་མའི་བྱམས་བརྩེའི་ཐུགས་སེམས་ལས་འཁྲུངས་པའི་བཀལ་མོལ་དེས། ཡུན་རིང་གྲང་འཁྱགས་སུ་ཤོར་བའི་ངའི་ལུས་སེམས་གཉིས་པོ་ཚ་སོབ་སོབ་ཏུ་གྱུར་པ་དང་། དེ་བས་རང་གི་ཕུགས་བསམ་སྒྲུབ་པའི་ཡིད་ཆེས་རྙེད་ལ། མིག་མདུན་གྱི་བྱ་དངོས་ཐམས་ཅད་ཡིད་དུ་འོང་བར་གྱུར་ཏེ། སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་ན་ཟུག ངག་གི་མི་བདེ་བ་ཐམས་ཅད་འཕྲལ་མར་ཞི་ནས། སླར་ཡང་ཕུགས་བསམ་གྱི་རྗེས་སུ་སྙེག་པའི་སྙིང་སྟོབས་དང་ཡིད་ཆེས་ཀྱིས་ཁེངས་སོང་།
འབྲེལ་ཡོད་གསར་འགྱུར།