དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལོ་གསར་ཤར་སོང་། ངལ་ཞིག་གསོ་རོགས།

    བློ་རང་གསལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    བཀྲ་ཤིས་དཔྱིད་གསར་དུས་ཆེན་ཉིན་མོ། །

    བདེ་ལེགས་བོད་ཀྱི་བཀྲ་ཤིས་ལོ་གསར། །

    ཕུན་སུམ་ཚོགས་པོས་རིམ་གྱིས་ཚེས་པར། །

    བཀྲ་ཤིས་བདེ་ལེགས་ལན་མང་ཞུ་རོགས། །

    བསམ་དོན་ཡིད་བཞིན་འགྲུབ་པར་དཀའ་ལ། །

    མི་འདོད་རྐྱེན་ངན་ཐོག་བཞིན་འབབ་ཀྱང་། །

    བཀྲ་ཤིས་ལོ་གསར་ཚེས་བཟང་ཉིན་མོར། །

    ལྷོད་ལྷོད་ངང་ནས་ངལ་ཞིག་གསོ་རོགས། །

    དགུ་གླུད་ལྷན་དུ་འདས་དོན་བསྐྱུར་ཏེ། །

    ཕུགས་འདུན་གནས་སྐབས་ཟུར་དུ་འཇོག་ལ། །

    སྙིང་གཏམ་དྲོན་མོ་གླུ་རུ་ལེན་ཞོར། །

    ཞིམ་པོའི་ཆང་གིས་སྐོམ་པ་སེལ་རོགས། །

    བཀྲ་ཤིས་ཕྱེ་མར་ཕུད་གཏོར་གནང་གིན། །

    རྟེན་འབྲེལ་ཆར་ཆུ་དུས་སུ་བབས་ཤིང་། །

    ཕུན་ཚོགས་ལོ་ཕྱུགས་རྟག་ཏུ་ལེགས་ལ།

    རྒྱལ་ཁམས་ཞི་བདེའི་སྨོན་འདུན་ཞུ་རོགས། །

    བདུད་རྩི་སྐྱེམས་ཆང་ཕུད་གཏོར་གནང་དུས། །

    ཡབ་ཡུམ་སྐུ་ཚེ་བྲག་ལས་སྲ་ཞིང་། །

    ལུས་སེམས་གཉིས་ཀ་བདེ་ཞིང་སྐྱིད་པའི། །

    གསོལ་བ་སྨོན་ལམ་སྙིང་ནས་འདེབས་རོགས། །

    དྲིན་ཅན་ཡབ་ཡུམ་འཚོ་བཞུགས་དུས་སུ། །

    བཀའ་ལ་བསྟུན་ཏེ་སྲི་ཞུ་སྒྲུབ་ལ། །

    ལོ་གསར་མ་ཟད་ནམ་ཞག་རྒྱུན་དུ། །

    བདེ་སྡུག་ཁམས་འདྲི་ཡང་ཡང་གནང་རོགས། །

    ནང་ཚང་ལྷན་འཛོམས་གོ་སྐབས་བཟང་པོར། །

    རྒན་རྒོན་བཟའ་མི་མིང་སྲིང་ལྷན་རྒྱས། །

    འཆམ་མཐུན་བཀའ་མོལ་ལྷུག་པོར་གླེང་སྟེ། །

    དམ་ཚིག་གཙང་མས་མཛའ་བརྩེ་སྐྱོང་རོགས། །

    ཁྱིམ་མཚེས་སྤུན་ཉེ་མགྲོན་དུ་འབོད་ལ། །

    ཡུལ་མི་དགའ་འཛོམས་སྐྱིད་ལ་རོལ་ཏེ། །

    གླུ་བྲོ་ལ་སོགས་མངོན་མིན་རིག་གནས། །

    ཉམས་པ་མེད་པར་གོང་སྤེལ་མཛད་རོགས། །

    བཀྲ་ཤིས་བཞུགས་གྲལ་སྣང་བ་སྐྱིད་དུས། །

    སྡེར་ཁ་དཀར་ཟས་འོ་ཞོས་བརྒྱན་ཏེ། །

    ཡུལ་སྲོལ་བྱེད་སྒོས་བྱིན་གྱིས་རླབས་ནས། །

    མེས་པོའི་སྲོལ་རྒྱུན་ཐུགས་ལ་འཛིན་རོགས། །

    རྒན་པར་བཀུར་བསྟི་ཞབས་ཏོག་སྒྲུབ་ཅིང་། །

    བྱིས་པ་བྱམས་དང་བརྩེ་བས་སྐྱོང་ལ། །

    རྒན་བཀུར་གཞོན་གཅེས་ཡ་རབས་སྤྱོད་བཟང་། །

    བོད་པའི་སྲོལ་བཟང་དར་སྤེལ་གནང་རོགས། །

    སེམས་རྒྱུད་དྲང་ཞིང་ལས་ལ་བརྩོན་པ། །

    ཁྱོ་བོར་གུས་ཤིང་བུ་ཚར་བྱམས་པ། །

    ཞི་དུལ་སྤྱོད་པའི་ཁྱིམ་འཛིན་བདག་མོ། །

    བདག་དང་ལྷན་དུ་སྐྱེམས་ཤིག་གསོལ་རོགས། །

    མཁྱེན་དཔྱོད་ཡངས་པའི་ལས་ཞུཊ་གཞོན་ནུ། །

    བློ་རིག་བཀྲ་བའི་སློབ་གཉེར་བྱིས་པ། །

    མ་འོངས་ཕུགས་རེ་ཁྱེད་ཚོར་བཅོལ་བས། །

    འོ་བརྒྱལ་ཆེ་སོང་ངལ་ཞིག་གསོ་རོགས། །

    གླུ་དབྱངས་རྒྱ་མཚོའི་གཏིང་ཚད་ཟབ་ཅིང་། །

    སྒོར་གཞས་བྲོ་ཡི་རླབས་ཕྲེང་འཁྲུག་པ། །

    མེས་པོ་གོང་མའི་ཤུལ་བཞག་ནོར་བུ། །

    ཉམས་ཆག་མེད་པར་རྒྱུན་འཛིན་གནང་རོཊ། །

    དགུ་གླུད་བརྫངས་རྗེས་ཤོག་སྦག་སྤར་སོང་། །

    སྲོལ་རྒྱུན་ཡིན་མོད་ཉེན་ཁ་ཆེ་བས། །

    མེ་སྐྱོན་སྔོན་འགོག་ལེགས་པར་བསྒྲུབས་ཏེ། །

    སྣོད་བཅུད་འཕྲོད་པའི་ལོ་གསར་གཏོང་རོཊ། །

    འཚོ་བ་ཞེས་པའི་བསླུ་བྲིད་ཟབ་མོས། །

    དལ་ཁོམ་མེད་པར་སྦྲུལ་ལོ་འདས་སོང་། །

    ཤོ་སྦག་ཏག་སེའི་རྩེད་མོར་རོལ་ནས། །

    ངལ་གསོའི་གུ་ཡངས་ལན་གཅིག་གནང་རོཊ། །

    སྐྱིད་སྡུག་སྒང་གཤོངས་མི་ཚེའི་ལམ་བུར། །

    བྱ་དངོས་ཡོད་ཚད་འགྱུར་བཞིན་མཆིས་མོད། །

    ཞིམ་པོའི་ཟས་དང་ཆང་ལ་རོལ་ནས། །

    རང་སེམས་རྒྱ་ཡན་ཐེངས་གཅིག་གཏོང་རོཊ། །

    བྱམས་བརྩེའི་གཟི་འོད་གང་སར་འཕྲོས་ཤིང་། །

    དམངས་ཕན་སྲིད་ཇུས་ཕྱོགས་བཞིར་ཁྱབ་ལ། །

    དམག་དང་མུ་གེ་ནད་ཡམས་མེད་པའི། །

    རྫོགས་ལྡན་གསར་པར་ལོངས་སུ་སྤྱོད་རོཊ། །

    སྐྱོན་དང་ཉེས་པ་རྒྱང་དུ་དོར་ནས། །

    དགེ་དང་ཡོན་ཏན་དང་དུ་བླངས་ཤིང་། །

    ཤིང་མོ་སྦྲུལ་ལོར་རྫོགས་ཤད་འཐེན་ནས། །

    མེ་ཕོ་རྟ་ལོར་དབུ་ཁྱུད་ཕྲིས་ཤིག །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།