དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཤིས་ཚིག་ལྷ་རེག་དཀར་པོ།

    སྤེན་ཚེ་གཞོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-18

    མགྱོགས་མགྱོགས་དུས་ཀྱི་རྟ་ཕོ་དལ་མེད་དུ་བརྒྱུཊ་པས། །

    གསར་གསར་ལོ་མོ་གསར་པའི་དུས་སྟོན་ཤར་སོང་། །

    སྙན་སྙན་གཞས་དང་ཞབས་བྲོའི་འདོད་ཡོན་གྱིས་གཙོས་པའི། །

    སྐྱིད་སྐྱིད་ལོ་གསར་བསུ་བའི་དགའ་སྟོན་འདི་སྐྱིད་པ། །

    ཆེ་ཆེ་ཁང་བཟང་ལྷ་ཡི་གཞལ་ཡས་ཀྱི་དཔེ་ཟླ། །

    མང་མང་ནོར་གྱིས་གཏམས་པ་རྣམ་སྲས་ཀྱི་བང་མཛོད། །

    མཐུན་མཐུན་ནང་མི་འཆམ་པ་སྤུན་བཞི་ཡི་རྣམ་ཐར། །

    སྐྱིད་སྐྱིད་ལོ་གསར་ནང་མི་མཉམ་འཛོམས་འདི་སྐྱིད་བྱུང་། །

    མཛེས་མཛེས་སྤུ་ཕྲུག་པང་གདན་ཟོན་པ་དང་ཡང་ཞྭ། །

    དེ་དེ་སྲོལ་རྒྱུན་བོད་ཆས་ལུས་ཀུན་ལ་མནབས་ཤིང་། །

    མཛེས་མཛེས་སྨན་ཆུང་བཞིན་རས་དཀར་དམར་གྱིས་བརྒྱན་པས། །

    མཚར་མཚར་གླིང་དཀར་བུ་མོའི་རྒྱན་གཅིག་ལ་འགྲན་སོང་། །

    དྲོ་དྲོ་པགས་ཚག་ཕྱུ་པ་རྒྱ་སེ་དང་སྣམ་དོར། །

    སྣུམ་སྣུམ་ཤོལ་ཙེ་ཡུ་རིང་ཡུ་ཐུང་གིས་བརྒྱན་པའི། །

    གཞོན་གཞོན་ལང་ཚོ་རྫོཊ་པའི་སྟག་ཤར་གྱི་ཚོཊ་རྣམས། །

    ཆེ་ཆེ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་དཔེ་ཟླ། །

    མཐོ་མཐོ་དགུང་གྲངས་མཐོ་བའི་གྲལ་མགོ་ཡི་རྒན་པོས། །

    མཆོད་མཆོད་ཟས་ཕུད་མཆོད་ཅིང་བཀྲ་ཤིས་ཀྱི་ཁ་གཡང་། །

    གོར་གོར་བཞུགས་གྲལ་ནང་མི་ཀུན་པོ་ལ་གནང་བས། །

    སྐྱིད་སྐྱིད་ལོ་གསར་ཚེས་པའི་དགའ་སྟོན་འདི་སྐྱིད་པ། །

    མང་མང་ཚགས་ཤ་ལུག་ཤ་རྡོག་བཙོས་ཀྱི་ཤ་རིགས། །

    གཅིག་གཅིག་མ་ཡིན་སྣ་མང་ཁ་ཟས་ཀྱི་སྡེར་ཁས། །

    ཆུང་ཆུང་མདུན་ཅོག་རྒྱ་ཁྱོན་དོག་པོ་རུ་བཟོ་བའི། །

    སྐྱིད་སྐྱིད་ལོ་གསར་ཚེས་པའི་དགའ་སྟོན་འདི་སྐྱིད་པ། །

    མང་མང་ནས་ཆང་སྦི་རག་སྣ་ཚོགས་ཀྱི་བཏུང་བྱར། །

    ཞིམ་ཞིམ་གང་དགའ་ལོངས་སུ་སྤྱོད་པ་ཡི་སྐྱེ་བོས། །

    སྙན་སྙན་གཞས་ཀྱི་སྒོ་མོ་ཕྱེ་བ་ཡི་འདུ་འཛིས། །

    སྐྱིད་སྐྱིད་ལོ་གསར་ཚེས་པའི་དགའ་སྟོན་འདི་སྐྱིད་པ། །

    ཆུང་ཆུང་བྱིས་པ་མཉམ་འཛོམས་རྩེད་འཇོ་ལ་རོལ་ཞིང་། །

    མངར་མངར་ཀ་ར་བུ་རམ་ལ་སོགས་པའི་ཁ་ཟས། །

    ཞིམ་ཞིམ་ཞོ་དང་འོ་མ་ཕྱུར་བ་ལ་ཚིམ་པའི། །

    སྐྱིད་སྐྱིད་ལོ་གསར་ཚེས་པའི་དགའ་སྟོན་འདི་སྐྱིད་པ། །

    གང་དགའ་གང་སྐྱིད་ནང་མི་ལྷན་འཛོམས་ཀྱི་དགའ་སྟོན། །

    གང་ཞིམ་གང་སྤྱོད་ཟས་ལ་རོལ་བ་ཡི་དགའ་སྟོན། །

    གང་མཛེས་གང་གོན་རྒྱན་གོས་འགྲན་སྡུར་གྱི་དགའ་སྟོན། །

    གང་བཤད་གང་ལབ་བཀྲ་ཤིས་སྨོན་ཚིག་གི་དགའ་སྟོན། །

    འབད་འབད་ལས་ལ་འབྲས་བུའི་སྙེ་མ་ལྗིད་ཏིག་ཏིག །

    མཐུན་མཐུན་གྲོགས་ལ་མཛའ་གཅུཊ་ཕྱི་ཐག་ཕུཊ་རིང་རིང་། །

    ཆེ་ཆེའི་དྲིན་ལ་རྗེས་མེད་དྲིན་ལན་ཆུ་བཞུར་བཞུར། །

    ཆུང་ཆུང་སེམས་ཀྱི་བཀྲ་ཤིས་སྨོན་ལམ་རླུང་སྤུར་སྤུར། །

    བཀྲ་ཤིས་གནམ་ལ་སྤྲིན་པའི་བླ་བྲེས་རྒྱན་མཛེས་མཛེས། །

    བཀྲ་ཤིས་ཡུལ་ལ་རྟགས་བརྒྱད་རི་མོ་མདངས་བཀྲ་བཀྲ །

    བཀྲ་ཤིས་མི་ལ་འདོད་རྒུའི་དཔལ་ཡོན་ཆར་བབས་བབས། །

    བཀྲ་ཤིས་འཛམ་གླིང་བདེ་སྐྱིད་ཉི་མ་དྲོད་ལམ་ལམ། །

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།