གངས་ལྗོངས་ཀྱི་མཆོག་ནོར་ལ་སྐྱེ་སྟོབས་གསར་པ་རྒྱས་པ།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་རྟེན་མཛོད་ཁང་གིས་རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ་དང་རིག་དངོས་འགྲེམས་སྟོན་ཐད་རྒྱུན་ཆད་མེད་པར་གསར་གཏོད་བྱས་པས། གངས་ལྗོངས་ཀྱི་ཤེས་དཔལ་ལ་སྐྱེས་སྟོབས་གསར་པ་རྒྱས་ཡོད། དེ་གར་རིག་དངོས་ནི་རྒྱང་ཐག་རིང་བའི་ལོ་རྒྱུས་ཀྱི་གཞི་རྟེན་ཙམ་མ་ཡིན་པར་མཐོང་ཚོར་རེག་གསུམ་ཐུབ་པའི་རིག་གནས“གསོན་པོ”ཞིག་ཏུ་གྱུར་ཡོད།
“2025ལོར་ང་ཚོའི་རིག་གནས་བསམ་བཀོད་ཐོན་རྫས་བྲིན་ཁ་རྒྱུག་པོ་འདུག”བོད་ལྗོངས་རྟེན་མཛོད་ཁང་རིག་གནས་བསམ་བཀོད་པུའི་ཀྲུའུ་རེན་གཞོན་པ་ཁུང་ཏེ་ཆོན་གྱིས་གདོང་ལ་འཛུམ་གྱིས་ཁེངས་བཞིན་ལག་ཐོགས་ཁ་པར་ནས“བོད་ལྗོངས་རྟེན་མཛོད་ཁང་གི་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་གླེང་མང་བའི”ནང་དོན་དང་། ཡུལ་སྐོར་བས་དྲན་འཆར་འགོད་ཁུལ་དུ་བཞག་པའི་རིག་གནས་བསམ་བཀོད་ཐོན་རྫས་ཀྱི་པར་རིས་བསྟན།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་རྟེན་མཛོད་ཁང་གིས་2025ལོ་ཧྲིལ་པོར་བསྡོམས་རྩིས་བརྒྱབ་ན་ལྟད་མོ་བ་མི་ཐེངས་ཁྲི་100ལྷག་ལ་སྣེ་ལེན་ཞུས་ནས་སྤྱི་ཕན་རང་བཞིན་གྱི་འགྲེལ་བཤད་བྱེད་སྒོ་ཐེངས་4000ལྷག་སྤེལ་བ་དང་། བོད་ལྗོངས་རྟེན་མཛོད་ཁང་གི་རིག་གནས་བསམ་བཀོད་ཐོན་རྫས་གསར་པ་སྣ་ག་100ཙམ་བཏོན་ཞིང་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་1000ལྷག་ཙམ་ཟིན་ནས་དུས་མཚུངས་ལས་21.48%འཕར་ཡོད་པ་རེད།
རིག་གནས་བསམ་བཀོད་ཐོན་རྫས་སྣ་ཚོགས་ཁྲོད་དུ་ཡུལ་སྐོར་བས་དགའ་བསུ་ཐོབ་མང་ཤོས་ནི“བོད་ལུགས་མཚར་རིས”རིགས་ཀྱི་འདྲ་བཟོའི་ཐོན་རྫས་ཡིན། ཁུང་ཏེ་ཆོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་རིགས་ཀྱི“ARའཁྱགས་སྒམ་རྟེན་སྦྱར་མཁའ་འགྲོའི་གོས་རྒྱན”ནི་རྟེན་མཛོད་ཁང་གི་ཉར་དངོས་རྩ་ཆེན“སྤུ་ཧྲེང་ལུགས་ཀྱི་མཁའ་འགྲོའི་རྒྱན་གོས”ལ་དཔེ་བལྟས་ནས་བཟོས་པ་རེད།
རིག་གནས་བསམ་བཀོད་ཐོན་རྫས་ཞིབ་སྤེལ་བྱེད་པའི་བརྒྱུད་རིམ་ཁྲོད། ཇུས་འགོད་ཚོགས་པས་ཐོག་མཐའ་བར་གསུམ་དུ“བོད་ཀྱི་རིག་གནས་དྲན་ཤེས”ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ཞིབ་ཆ་ཡང་ཡང་ཇུས་འགོད་དང་རྒྱུ་ཆ་མང་པོ་ཚོད་ལྟ་བྱས་པ་ནི་སྤུ་ཧྲེང་ལུགས་ཀྱི་མཁའ་འགྲོའི་རྒྱན་གོས་ཀྱི་ཉམས་འགྱུར་མངོན་ཅི་ཐུབ་བྱ་ཆེད་ཡིན། དེ་དང་ཆབས་ཅིག ཁོང་ཚོས་ཐབས་མཁས་ཀྱི་སྒོ་ནས་ARལག་རྩལ་ནང་འདྲེན་བྱས་པས་ཡུལ་སྐོར་བས་ཐུམ་སྒྲིལ་སྟེང་གི་རྩ་གཉིས་ཨང་རྟགས་བཤེར་ཚེ་ལོ་རྒྱུས་དང་ཚན་རྩལ་མཉམ་འདྲེས་ཀྱི་གྲུབ་འབྲས་མྱོང་ཚོར་བྱེད་ཐུབ་ཀྱི་ཡོད་པ་རེད།
རིག་གནས་བསམ་བཀོད་ཐོན་རྫས་གྲུབ་འབྲས་ཐོབ་པའི་ངང་ཁྲོམ་རར་བཏོན་ཞིང་། དེ་བཞིན་འགྲེམས་ཁང་ནང་གི་འགྱུར་ལྡོག་ལ་ཡང་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། བོད་ལྗོངས་རྟེན་མཛོད་ཁང་གི་རིག་མཛོད་ལས་རོགས་བསོད་ནམས་མཚོ་ཡིས་འགྲེམས་སྟོན་ཇུས་འགོད་ཀྱི་ལས་ཀ་བྱས་ནས་ལོ་5ལྷག་ཙམ་ཕྱིན་པས། འགྲེམས་སྟོན་བཀོད་སྒྲིག་ལས་ཀ་མིས་བྱེད་པ་ནས་གྲངས་འཛིན་ལག་རྩལ་གྱིས་རམ་འདེགས་བྱེད་པའི་བར་གྱི་འགྱུར་ལྡོག་གི་དཔང་པོ་བྱེད་ཐུབ།
“ང་ཚོས་བརྒྱུད་ལམ་སྣེ་མང་དང་མཉམ་འགུལ་ལག་རྩལ་བརྒྱུད་དེ་འགྲེམས་དངོས་སྔར་བས་འབུར་གསལ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད” “དང་ཐོག་འགྲེམས་སྟོན་ཇུས་འགོད་བྱེད་སྐབས་ནས་བཟུང་། ཚོགས་པས་ལྟད་མོ་བའི་ཟུར་ཚད་ནས་བསམ་གཞིག་གང་ལེགས་བྱས་ཏེ། རིག་གནས་ཤུལ་བཞག་སྔར་བས་གསོན་ཉམས་ལྡན་པའི་ངང་ངོམ་སྟོན་ཐུབ་པར་བྱས་པ་ཡིན”ཞེས་བསོད་ནམས་མཚོ་ཡིས་ངོ་སྤྲོད་བྱས།
ད་ཆ། ལྟད་མོ་བ་བོད་ལྗོངས་རྟེན་མཛོད་ཁང་དུ་སྐྱོད་སྐབས། འགྲེམས་སྟོན་ལ་ལྟ་ཐུབ་པ་ཙམ་མ་ཡིན་པར་རིག་དངོས་དེ་ཚོར་མངའ་བའི་གཏམ་རྒྱུད་ཀྱང་ཉམས་སུ་མྱོང་ཐུབ། བོད་ལྗོངས་རྟེན་མཛོད་ཁང་གིས་བསམ་བཀོད་དང་བཟོ་བོའི་སྙིང་སྟོབས་ལ་བརྟེན་ནས་གངས་ལྗོངས་ཀྱི་མཆོག་ནོར་ལ་སྐྱེས་སྟོབས་རྒྱས་པ་དང་རྟེན་མཛོད་ཁང་གི་འགྲེམས་སྟོན་དེ“དངོས་པོའི་འགྲེམས་སྟོན”ནས“མིའི་མྱོང་ཚོར”དུ་བསྒྱུར་ཏེ། གངས་ལྗོངས་ཀྱི་ཤེས་དཔལ་ལ་སྔར་བས་འོད་སྟོང་འཕྲོ་བར་བྱས་དང་བྱེད་མུས་རེད།
འབྲེལ་ཡོད་གསར་འགྱུར།