ལོ་གསར་སོགས་དུས་སྟོན་སྐབས་སུ་འབྲས་དཀར་འཁྲབ་དོན་གང་ཡིན།

འབྲས་དཀར་ཞེས་པ་ནི་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་ཡིན་ཏེ། འབྲས་ཞེས་པ་ནི་འབྲས་བུ་ལ་གོ་ཞིང་། ལོ་གསར་སོགས་དུས་སྟོན་གྱི་སྐབས་ཤིས་ཚིག་བརྗོད་པས་རྟགས་དང་རྟེན་འབྲེལ་གྱི་འབྲས་བུ་དཀར་པོ་སྨིན་པར་འགྱུར་བས་ན་དེ་སྐད་ཅེས་བཏགས་པ་ཡིན། འབྲས་དཀར་འདི་ཞི་རྒྱས་དབང་དྲག་དང་འབྲེལ་བའི་དགེ་བའི་ལས་ཀྱི་སྐབས་སུ་གར་གྱི་སྟངས་སྟབས་དང་ལྷན་དུ་དབྱངས་རྟ་ངེས་ཅན་ཞིག་དང་འགྲོགས་ཏེ། ཡུལ་ཁམས་ཀྱི་ཆ་ལུགས་བཤད་པ་དང་འཕྲིན་བཟང་བརྗོད་པ། བཀྲ་ཤིས་གཡང་འབོད་བྱེད་པ་ཞིག་ཡིན་ལ། བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་མ་གཏམ་གྱི་སྒྱུ་རྩལ་ཞིག་ཡིན་ཞིང་དེར་རྩོམ་རིག་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།
ལོ་གསར་སོགས་བཀྲ་ཤིས་པའི་ཉིན་མོར་འབྲས་དཀར་བཤད་མཁན་གྱི་རྒན་པོའི་ལུས་ལ་ཁ་མདོག་དཀར་པོའི་ལྭ་བ་གྱོན་པ་དང་། གདོང་ལ་འབག་གྱོན་པ། རྐང་པར་གནའ་ལྷམ་གྱོན་པ། ལག་ཏུ་དབྱུག་པ་འཛིན་པ་བཅས་ཀྱི་ཁྱད་ཆོས་དུ་མའི་སྒོ་ནས་འབྲས་དཀར་གྱི་དབྱངས་རྟ་དྲུག་འགྱུར་རིང་མོར་དྲངས་ཏེ་བཀྲ་ཤིས་བདེ་ལེགས་དང་། ཚེ་རིང་དོན་འགྲུབ། མངའ་ཐང་རྒྱས་པ། ཕྱྭ་གཡང་འཁོར་བ་སོགས་ཀྱི་བསྔགས་ཚིག་དང་ཤིས་ཚིག་བརྗོད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།