དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • 《དུས་རབས་གསར་པའི་བོད་ཀྱི་གཞོན་སྐྱེས་རྩོམ་རིག་དཔེ་ཚོགས》དང《བོད་ཀྱི་ཕུལ་བྱུང་རྩོམ་རིག་དཔེ་ཚོགས》ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་ཁོ། ཚེ་རིང་བུ་ཁྲིད། སྤེན་པ།   |     སྤེལ་དུས།  2026-02-10

    འདི་ནི་ཡོངས་བསྒྲགས་ཚོགས་འདུ་འཚོག་ཡུལ་ཡིན་པ།

     ཟླ་2ཚེས་5ཉིན་གྱི་སྔ་དྲོར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་གཙོ་གཉེར་བྱས་པའི《དུས་རབས་གསར་པའི་བོད་ཀྱི་གཞོན་སྐྱེས་རྩོམ་རིག་དཔེ་ཚོགས》དང《བོད་ཀྱི་ཕུལ་བྱུང་རྩོམ་རིག་དཔེ་ཚོགས》ཡོངས་བསྒྲགས་ཚོགས་འདུ་ལྷ་ས་ཤིན་ཧྭ་དཔེ་ཚོང་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། བྱེད་སྒོས་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་ལ་དམིགས་ཏེ། གཞོན་སྐྱེས་རྩོམ་པ་པོའི་རྩོམ་རིག་གསར་རྩོམ་གྱི་གསོན་ཤུགས་དང་རྩོམ་རིག་བརྩམས་ཆོས་ལེགས་སྒྲིག་གི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་གངས་ལྗོངས་ས་མཐོའི་རིག་རྩལ་དར་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད།

    ཡོངས་བསྒྲགས་ཚོགས་འདུ་ཚོགས་སར་ཀློག་པ་པོས་ཁེངས་ཤིང་རྣམ་པ་འཁྲུག་ཆ་དོད་པོ་ཆགས། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་དཔེ་སྐྲུན་ཁྲུའུ་ཡི་འབྲེལ་ཡོད་འགོ་ཁྲིད་དང་། བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ནོར་བུ་དང་། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཉི་མ་ཕན་ཐོགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང(བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང)གི་ཧྲེ་ཀྲང་གཞོན་པ་ཀྲོའུ་ཤང་དབྱི་སོགས་བྱེད་སྒོར་ཞུགས་ཤིང་། དཔེ་ཚོགས་ཁག་གཉིས་ཀྱི་རྩོམ་པ་པོའི་འཐུས་མི་15ཡིས་ས་གནས་ས་ཐོག་ཏུ་རྒྱ་ཆེའི་ཀློག་པ་པོ་དང་སྤེལ་རེས་འཁྲུག་པོ་བྱས་པ་རེད།

    བྱེད་སྒོའི་ཁྲོད་རྩོམ་པ་པོའི་འཐུས་མིས་གཏམ་བཤད་བྱེད་པའི་ལྷུ་ཚིགས་དེ་ཡོངས་བསྒྲགས་ཚོགས་འདུའི་བཀྲག་མདངས་ཆེ་ཤོས་སུ་གྱུར། 《མོའོ་རྩེད》ཀྱི་རྩོམ་པ་པོ་སྤེན་པ་དང་། 《ཀུ་ཤུ་དམར་པོ》ཡི་རྩོམ་པ་པོ་བུ་ཁྲིད། 《ཡིད་ཀྱི་མེ་ལོང》གི་རྩོམ་པ་པོ་འགྱུར་མེད་ཚེ་དབང་། 《ལོ་ཟླའི་སྔ་ཚིག་ཕྱི་ཚིག》གི་རྩོམ་པ་པོ་འཕན་ཕྲུག་ཆོས་འཕེལ་སོགས་གཞོན་སྐྱེས་རྩོམ་པ་པོ་བཞི་ཡིས་སྔ་རྗེས་སུ་གར་སྟེགས་སུ་འཛེགས་ནས་ཁོང་ཚོའི་གསར་རྩོམ་གྱི་མྱོང་བ་དང་། ཐོལ་བྱུང་གི་རིག་པ། རྩོམ་རིག་གསར་རྩོམ་ཐད་ཀྱི་ཐུན་མོང་མ་ཡིན་པའི་བསམ་གཞིག་བཅས་མཉམ་སྤྱོད་བྱས་ཤིང་། དཔེ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་མི་དམངས་རྩ་བར་འཛིན་པ་དང་། དུས་རབས་ཀྱི་འཕོ་འགྱུར་མངོན་པ། འཚོལ་ཞིབ་བྱེད་ཕོད་པའི་གསར་རྩོམ་གྱི་སྟོན་ཕྱོགས་བཅས་གསོན་ཉམས་ལྡན་པའི་ངང་གསལ་བཤད་བྱས་ཡོད།

    རིགས་གཅིག་མཁས་ཅན་གྱི་ཤིས་ཚིག་བསྒྲོན་པའི་སྐབས་བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་ནོར་བུས་དཔེ་ཚོགས་འདི་གཉིས་དཔེ་སྐྲུན་བྱས་པ་ནི་བོད་ལྗོངས་རིག་རྩལ་ལས་རིགས་ཀྱིས་ཏང་གི་རིག་རྩལ་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཅིང་། ཁོང་གིས་རྒྱ་ཆེའི་རྩོམ་པ་པོ་དང་ལྷག་པར་དུ་གཞོན་སྐྱེས་རྩོམ་པ་པོ་རྣམས་ཀྱིས་མུ་མཐུད་དུ་འཚོ་བ་དང་མི་དམངས་ཁྲོད་བསྐྱོད་དེ་མི་རིགས་ཀྱི་ཁྱད་ཆོས་དང་། དུས་རབས་ཀྱི་ཉམས་འགྱུར་མངོན་པ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཕུལ་བྱུང་གི་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་སྙན་ངག་གསར་པའི་བོད་ཀྱི་ལེའུ་རྩོམ་དགོས་པའི་སྐུལ་ལྕག་བྱས་པ་རེད།

    བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང(བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཁང)གི་ཧྲེ་ཀྲང་གཞོན་པ་ཀྲོའུ་ཤང་དབྱི་ཡིས《དུས་རབས་གསར་པའི་བོད་ཀྱི་གཞོན་སྐྱེས་རྩོམ་རིག་དཔེ་ཚོགས》དང《བོད་ཀྱི་ཕུལ་བྱུང་རྩོམ་རིག་དཔེ་ཚོགས》ཇུས་འགོད་བྱས་པའི་ཐོག་མའི་བསམ་འདུན་དང་། རྩོམ་སྒྲིག་གི་བརྒྱུད་རིམ། དཔེ་སྐྲུན་གྱི་དོན་སྙིང་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། ཁོང་གིས་དཔེ་ཚོགས་འདི་གཉིས་དཔེ་སྐྲུན་བྱས་པའི་དམིགས་ཡུལ་ནི་གཅིག་ནས་རྩོམ་རིག་གི་གསར་སྐྱེས་སྟོབས་ཤུགས་སྔོག་འདོན་དང་གསོ་སྐྱོང་བྱས་པའི་བོད་ཀྱི་གཞོན་སྐྱེས་ཚོའི་རྩོམ་རིག་གསར་རྩོམ་གྱི་སྐྱེ་སྟོབས་ཆེན་པོ་མངོན་ཆེད་ཡིན་ལ། གཉིས་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་ཕུལ་བྱུང་གྲུབ་འབྲས་མ་ལག་རང་བཞིན་གྱི་སྒོ་ནས་ལེགས་སྒྲིག་དང་འདུས་གྲུབ་བྱས་དོན་ཡང་རྩོམ་རིག་གི་དྲན་ཤེས་ཉར་ཚགས་དང་རྩོམ་རིག་གི་རྨང་གཞི་བརྟན་དུ་གཏོང་ཆེད་ཀྱང་ཡིན། དཔེ་སྐྲུན་ཁང་གིས་བོད་ཀྱི་རྩོམ་པ་པོ་རྣམས་ལ་ཞབས་འདེགས་ཞུ་བ་དང་ཕུལ་བྱུང་བརྩམས་ཆོས་ངོ་སྤྲོད་བྱ་རྒྱུའི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་བོད་ལྗོངས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།