མ་རྒན་མོའི་འབེལ་གཏམ།
མི་འདོད་ལོ་དང་ལུས་སེམས་རྒས་པའི་མ་རྒན་ང་ཡིས། །
ལྷད་མེད་ཤ་དང་རུས་པའི་བརྩེ་དུང་སྙིང་ནས་བཅངས་པའི། །
ད་ལྟའི་དུས་དང་མ་འོངས་ཕན་པའི་འབེལ་གཏམ་འདི་ཀོ །
ཁྱེད་ཅག་བུ་དང་བུ་མོས་མ་བརྗེད་སེམས་ལ་ཞོག་རོགས། །
སྙན་པོའི་གླུ་དང་སྙན་ངག་ཁ་ཁུ་སིམ་མེར་ཉོན་དང་། །
ཞིམ་པོའི་ཟས་དང་བཏུང་བྱ་འཕྲོད་པའི་སྨན་བཞིན་བསྟེན་ཞིག །
སྟངས་སྟབས་བྲོ་དང་ལུས་སྦྱོང་རྣམ་པ་ཀུན་ཏུ་སྦྱོངས་ཤིག །
འདི་གསུམ་ལུས་དང་སེམས་ལ་ཕན་པའི་རྩ་བ་ཡིན་ནོ། །
མྱོས་བྱེད་ཆང་དང་ཨ་རག་གང་འཚམ་སྤྱད་ནས་ལོག་ཤོག །
རྣམ་གཡེང་རྒྱན་དང་ཤོ་སྦག་ཆུང་ངུ་ཡིན་ཡང་སྤོངས་ཤིག །
ཕུང་བྱེད་དུག་དང་ཐ་མག་རྩ་བ་ཉིད་ནས་གཅོད་ཅིག །
འདི་གསུམ་ལུས་དང་སེམས་ལ་ཕན་པའི་རྩ་བ་ཡིན་ནོ། །
རང་རིགས་སྐད་དང་ཡི་གེ་སྦྱོང་སྤྱོད་སྤེལ་གསུམ་གྱིས་ཨང་། །
ཤེས་བྱ་རྩིས་དང་རིག་པར་འབད་པ་ལྷུར་ལེན་གྱིས་དང་། །
རིན་ཆེན་གཏམ་དང་ལེགས་བཤད་རྟག་ཏུ་ཉམས་ལེན་གནང་རོགས། །
འདི་གསུམ་རང་དང་གཞན་ལ་ཕན་པའི་རྩ་བ་ཡིན་ནོ། །
དགེ་བའི་བཤེས་དང་ཕ་མའི་དྲིན་ལན་ངེས་པར་གསོལ་དགོས། །
བརྩེ་ལྡན་སྤུན་དང་བཟའ་མིར་ལྷད་མེད་བརྩེ་བ་འཆང་དགོས། །
མཛའ་བརྩེའི་གྲོགས་དང་གྲོགས་མོ་ཨ་གསར་མེད་པར་མཐུན་དགོས། །
འདི་གསུམ་འཕྲལ་དང་ཕུགས་ལ་ཕན་པའི་རྩ་བ་ཡིན་ནོ། །
རང་འཁྲིའི་ལས་དང་བྱ་བ་གཡོ་ཟོལ་མེད་པར་སྒྲུབས་དང་། །
ཁྲིམས་མཐུན་དོན་དང་བྱ་བ་དང་དུ་བླངས་ནས་སྒྲུབས་ཤིག །
གོང་རིམ་བཀའ་དང་བཀོད་སྒྲིག་ལག་བསྟར་ནན་པོ་བྱེད་རོགས། །
འདི་གསུམ་དམངས་དང་གཞུང་ལ་ཕན་པའི་རྩ་བ་ཡིན་ནོ། །
སྤྱི་པའི་རྒྱུ་དང་ནོར་ལ་བརྣག་སེམས་ཡེ་ནས་སྤོངས་ཤིག །
བདེན་པའི་ལྟོ་དང་གོས་ལ་ལོངས་སུ་སྤྱད་ནས་ལོག་ཤོག །
ཆེན་པོའི་ཐོབ་དང་གོ་སར་འདོད་ཆུང་ཆོག་ཤེས་མཛོད་ཅིག །
འདི་གསུམ་སྒེར་དང་གཞུང་ལ་ཕན་པའི་རྩ་བ་ཡིན་ནོ། །
མཛེས་རྒྱན་ཕྱི་དང་ནང་སེམས་གཉིས་ཀར་སྤྲོས་པ་གནང་ཞིག །
ཡ་རབས་ཕྱག་དང་ཞེ་སའི་སྲོལ་བཟང་རྒྱུན་འཛིན་གནང་རོགས། །
རང་གི་བུ་དང་བུ་མོར་སྲི་ཞུ་སྒྲུབ་སྟངས་བསླབ་རོགས། །
འདི་གསུམ་འཕྲལ་དང་ཕུགས་ལ་ཕན་པའི་རྩ་བ་ཡིན་ནོ། །
ཨེ་མ་ལོ་དང་ན་སོ་དར་ལ་བབས་པའི་བུ་ཕྲུག །
ཁྱེད་ཚོས་ཚེ་དང་དུས་ཚོད་དོན་མེད་ཆུད་ཟོས་མ་གཏོང་། །
ཆེན་པོའི་མིང་དང་སྙན་གྲགས་མ་རྒན་བདག་ལ་མི་དགོས། །
དལ་འབྱོར་ལུས་པོར་སྙིང་པོ་བྱུང་ན་དེ་ཡིས་འགྲིག་སོང་། །
འབྲེལ་ཡོད་གསར་འགྱུར།