དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བརྩེ་འཕྲིན་ངག་རིག་དབྱངས་ཀྱི་སྙེ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  སྙན་རྐང་གླིང་།   |     སྤེལ་དུས།  2026-02-08

    ཆུ་མོ་མར་འགྲོ་ཞིག་ལ། །

    བརྩེ་འཕྲིན་དམར་པོ་བསྐུར་ཡོད། །

    མཛའ་གྲོགས་བརླིང་པོ་ཞིག་ལ། །

    བློ་སེམས་བརྟན་པོར་གཏད་ཡོད། །


    སྤྲིན་དཀར་གཡས་འཁྱིལ་ཞིག་ལ། །

    འཕྲེང་སེམས་འདུན་མ་བཅོལ་ཡོད། །

    འཛུམ་དཀར་ཡིད་འཕྲོག་གཅིག་ལ། །

    སྙིང་གཏམ་སྲོང་པོར་བཤད་ཡོད། །


    རླུང་བུ་ཁེར་འགྲོ་ཞིག་ལ། །

    འཕྲིན་ཡིག་ལན་གསུམ་བསྐུར་ཡོད། །

    གཅེས་པའི་སྙིང་སྡུག་གཅིག་ལ། །

    ལྷད་མེད་དུང་སེམས་བཅོལ་ཡོད། །


    སྟོན་གྱི་སྡོང་ལོ་ཞིག་ལ། །

    འཆར་ཡན་སྙན་ཚིག་སྟོར་ཡོད། །

    སེམས་སོང་བྱམས་པ་ཞིག་ལ། །

    བརྩེ་བའི་དུང་དཀར་ཕུལ་ཡོད། །


    ཞོགས་པ་འོད་ཀྱི་ཕོ་ཉར། །

    དྲོད་ཀྱི་རྔན་པ་བསྐུར་ཡོད། །

    དགའ་བའི་གཤིས་བཟང་ཞིག་ལ། །

    སེམས་ཀྱི་ཕྱི་ནང་གཏད་ཡོད། །


    ཉི་ནུབ་མཚམས་སྤྲིན་ཞིག་ལ། །

    མཛའ་གཞས་ལན་གསུམ་བྲིས་ཡོད། །

    སྙིང་སྡུག་དུང་སེམས་ཅན་མས། །

    མཉམ་དུ་གསན་རོགས་གནང་དང་། །


    ཁུ་བྱུག་མོན་བཞུད་གཅིག་ལ། །

    སླར་མཇལ་སྨོན་ལམ་བཏབ་ཡོད། །

    མཛའ་མོ་རོགས་ལོ་ཞིག་ལ། །

    དྲན་གདུང་སྙན་ངག་བྲིས་ཡོད། །


    རྩྭ་འཇག་ཤིག་ཤིག་ཅིག་གིས། །

    ཚོར་བའི་ལྡིང་ཁང་བསྐྲུན་ཡོད། །

    དྲན་པའི་སྙིང་སྡུག་ལོ་ལོ། །

    གང་མགྱོགས་ཕེབས་པར་བསྒུགས་ཡོད། །


    བརྩེ་འཕྲིན་དབྱངས་ཀྱི་སྙེ་མར། །

    དཀྲིས་པའི་དུང་བརྗོད་ལྷད་མེད། །

    ངག་རིག་རྒྱན་དང་འགྲོགས་ནས། །

    དབྱངས་གསལ་ལམ་ནས་སྤྲིངས་ཡོད། །


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།