དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • ཉམས་ལེན་ནི་རིག་གནས་དར་སྤེལ་གཏོང་སྟངས་གསར་པ་ཞིག་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-29

    “པིར་གྱི་རྐང་བུ་རེ་རེ་ལས།། དོན་གྱི་ལག་ལེན་རེ་རེ་མཚོན།། ཁྲི་སྟོང་སློབ་བུའི་ཉམས་ལེན་ཁྲོད།། ཐང་གའི་ལས་རིགས་ཡར་འཕེལ་ཤོག།” ཅེས་གཏེར་རྡོ་དང་། རྡོ་ཚོན། པིར་སྨྱུག ཚོན་སྦྱོར་སོགས་ཐང་ག་འབྲི་བར་མཁོ་བའི་རྒྱུ་ཆ་གང་དགོས་གྲལ་སྟར་ལེགས་པར་བསྒྲིགས་པའི་སྨན་ལྷ་དོན་གྲུབ་ཐང་ག་ཉམས་ལེན་ཁང་གི་སྒྲིག་གཤོམ་ངོས་སུ་བྲིས་ཡོད། དེ་ལས་ཐང་ག་ཉམས་ལེན་ཁང་དེའི་བྱེད་ནུས་དང་དམིགས་ཡུལ་གསལ་བར་མཚོན་ཡོད། 

    ལོ་དགུ་ནས་བཟུང་རི་མོ་དང་ལས་དབང་གཅིག་ཏུ་འབྲེལ་བའི་དོན་གྲུབ་ནི་སྨན་ལྷ་དོན་གྲུབ་ཐང་ག་ཉམས་ལེན་ཁང་གི་འགན་འཁུར་བ་ཡིན་པ་དང་། ཁོང་ནི་སྙན་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བའི་ལྷ་རིས་པ་གྲགས་ཅན་བསྟན་པ་རབ་བརྟན་ལགས་ཀྱི་དངོས་སློབ་ཅིག་ཡིན་པ་མ་ཟད། སྨན་ཐང་ལུགས་ཀྱི་ཐང་གའི་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་ཀྱང་ཡིན།

    མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཐང་གའི་རིག་གནས་སྤྱི་དང་། ཡང་སྒོས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་ཐང་ལུགས་ཀྱི་ཐང་གའི་འབྲི་རྒྱུན་མི་ཉམས་དར་སྤེལ་གཏོང་བའི་ཆོད་སེམས་བརྟན་པོ་ཡོད།

    དེ་ལྟའི་འདུན་པ་བཟང་པོ་མངོན་དུ་འགྱུར་སླད། ཁོང་གིས་རྒྱལ་ཕྱི་རྒྱལ་ནང་གི་འགྲེམས་སྟོན་མང་པོར་ཞུགས་ནས་རྒྱལ་ཁབ་དང་མི་རིགས་གཞན་གྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་སྟངས་ལ་བློ་རྣལ་དུ་ཕབ་ནས་ཉམས་ཞིབ་བྱས་པ་དང་སྦྲགས། རང་གི་མིག་རྒྱང་རིང་དུ་བསྲིངས།

    ད་ཆ་ལྷ་ས་གྲོང་ཁྱེར་དར་དམར་ལྷོ་ལམ་དུ་གནས་པའི་སྨན་ལྷ་དོན་གྲུབ་ཐང་ག་ཉམས་ལེན་ཁང་ནི་ཁོང་གིས་རང་ཉིད་ཀྱི་འདུན་པ་བཟང་པོ་མངོན་འགྱུར་གྱི་ལག་ལེན་དངོས་ལ་ཞུགས་པའི་འཕྲིན་ལས་ཀྱི་ཆ་ཤས་ཤིག་ཡིན་ཞིང་། གནས་དེ་ནས་ངལ་གསོ་བའི་ཞོར་དུ་ཐང་གའི་བརྩམས་ཆོས་ལ་མྱོང་རོལ་དང་། ཀོག་ཧྥེ་འཐུང་ཞོར་དུ་ཐང་གའི་རིག་གནས་ལ་ཤེས་རྟོགས། སློབ་སྦྱོང་དང་འབྲེལ་ནས་ཐང་ག་འབྲི་སྟངས་ལ་ཉམས་ལེན་སོགས་ཀྱི་ཐབས་ལམ་བརྒྱུད། ཉན་ན་ལོ་རྒྱུས་སྙན་ཞིང་། བལྟས་ན་ངོ་མཚར་ཆེ་བ། བྲིས་ན་དབྱིངས་ཚུད་ཐུབ་པའི་ཐང་གའི་རིག་གནས་ལ་རྒྱུས་མངའ་ཟབ་མོ་བྱེད་ཐུབ།

    “ཉམས་ལེན་ནི་རིག་གནས་དར་སྤེལ་གཏོང་སྟངས་གསར་པ་ཞིག་རེད”མདོ་བསྡུས་པའི་བཀའ་མོལ་འདི་ནི་སྨན་ལྷ་དོན་གྲུབ་ཀྱིས་ཐང་ག་ཉམས་ལེན་ཁང་འདི་འཛུགས་པའི་ཀུན་སློང་ཡིན་ལ། ཁོང་ཉིད་རིག་གནས་དར་སྤེལ་གྱི་སླད་དུ་ཕྱོགས་མཐའ་མང་དུ་འགྲིམས་པའི་མྱོང་བ་ཟབ་མོ་ཞིག་རེད། ཉམས་ལེན་ཁང་འདི་འཛུགས་དོན་ནི་སྲོལ་རྒྱུན་གྱི་སློབ་ཁྲིད་བྱ་ཡུལ་གཞན་དང་མི་འདྲ་བར་ཉམས་ལེན་ཁང་དུ་བསྐྱོད་ཚེ་རིག་གནས་ཀྱི་ཆ་རྐྱེན་དང་ཆེད་ལས་ཀྱི་རེ་བ་མཐོ་པོ་མི་དགོས་པས། མི་རྣམས་ཀྱིས་སྒྱུ་རྩལ་ལ་འདྲ་མཉམ་གྱི་རྣམ་འགྱུར་བཟུང་ནས་ཕན་ཚུན་དབར་གྱི་སེམས་ཐག་ཇེ་ཉེར་གཏོང་ཐུབ་པ་དང་། བོད་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྲོལ་རྒྱུན་རིག་གནས་ཐང་ག་གང་ཉིད་རྟེན་མཛོད་ཁང་དུ་བསྒྲིགས་པ་ཙམ་མིན་པར་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མིག་མཐོང་ལག་ཟིན་གྱི་ལམ་ནས་རྒྱུན་འཛིན་བྱེད་པ་དང་། ཐང་གའི་རིག་གནས་ཚུད་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་ལ་གསར་གཏོད་ཀྱི་གསོན་ཤུགས་བསྣན་ནས་སྒྱུ་རྩལ་དང་སྤྱི་ཚོགས་ཀྱི་བར་ཐག་ཉེ་རུ་བཏང་སྟེ་མང་ཚོགས་ཀྱིས་དང་ལེན་བྱེད་སླ་བ་དང་བཀོལ་སྤྱོད་བྱེད་བདེ་བའི་དམིགས་ཡུལ་གཙོ་བོར་བཟུང་པ་ཡིན་ཞེས་དོན་གྲུབ་ཀྱིས་བརྗོད།

    གསར་འགོད་པ། བསོད་ནམས་ལྷ་མཚོ། བུ་ཆུང་། བཀྲ་ཤིས་དཔལ་སྐྱིད། དཀོན་མཆོག་སྒྲོལ་མ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།