དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཞང་ཞུང་གི་བུ་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཁེར་འགྲོ།   |     སྤེལ་དུས།  2026-01-25

    གངས་རིའི་སྐོར་ལམ་ནང་དུ། །

    རྔུལ་ཆུ་ཨོག་མར་འཁྲིལ་བྱུང་། །

    ཞང་ཞུང་བུ་མོའི་འཛུམ་གྱིས། །

    ངལ་དུབ་རང་སར་ཞི་སོང་། །


    མགོ་རས་ཁྲ་ཁྲའི་འོག་གི །

    སྤྱན་མིག་ཀྲི་ག་ཤིག་ཤིག །

    ང་ལ་ཟུར་མིག་གནང་ནས། །

    ག་རེ་ལབ་དགོས་བསམས་བྱུང་། །


    སྐེའུ་དམར་པོའི་ཐོག་གི །

    མཆུ་སྒྲོས་པད་མ་འདབ་བརྒྱད། །

    ཕིག་ཙམ་ཕིག་ཙམ་མ་གནང་། །

    བཀའ་མོལ་ཡོད་ན་གསུངས་དང་། །


    མཛེས་པའི་སྨན་ཆུང་བུ་མོ། །

    གར་དང་ཤོན་ལ་ཕེབས་དང་། །

    གཡས་ཀྱི་སྒ་ལེབ་མཛེས་པོ། །

    ལྷུངས་ཀྱང་ང་རས་སྒྲུག་ཆོག །


    བྲང་གི་བྱུ་རུ་སྤོས་ཤེལ། །

    གནམ་གྱི་སྐར་ལས་མང་བ། །

    ང་རང་སྐར་ཚོགས་ཁྲོད་ཀྱི། །

    པ་སངས་ཡིན་ན་བསམས་བྱུང་། །


    ཕྱུར་པ་རྒྱ་ཁྲ་སྨུག་ཆུང་། །

    དཀྱིལ་ནས་གཤགས་པ་མཐོང་དུས། །

    ང་ཡི་མིག་ཆུང་ཕྲ་མོ། །

    ཅུང་ཟད་སྐྱེངས་ཀྱང་སྐྱེངས་སོང་། །


    གཡང་ལུགས་མཆོར་པོའི་རྒྱབ་གཟུགས། །

    སུ་ལ་ངོམ་མཁན་ཡིན་ནམ། །

    ཕྱིར་བལྟས་ཡང་ཡང་བསློགས་ནས། །

    ཅི་ཞིག་གང་ལ་ལུས་སོང་། །


    སྒྲོལ་མ་ལ་འགོའི་རྩེ་ནས། །

    དམ་བཅའ་བཞག་ཆོག་གསུང་གིས། །

    ཆང་ས་བརྒྱབ་ཚར་ཞུས་པས། །

    མཆི་མས་གཡས་སྐོར་བརྒྱབ་སོང་། །


    རྐང་ལྷམ་འཇའ་རིས་ཤིག་ཤིག །

    མཉམ་འགྲོ་མཉམ་འདུག་རེད་ཤག །

    དགའ་རོགས་ཚེ་རོགས་གཉིས་པོ། །

    རྐང་ལྷམ་ཡིན་ན་དགའ་བ། །


    གླིང་བུ་གཏོང་གིན་གཏོང་གིན། །

    རྩམ་པ་མ་འགམས་གསུང་གིས། །

    རྩམ་པ་གླིང་བུ་གཉིས་པོ། །

    འགམ་རེས་གཏོང་རེས་བྱས་ཆོག །


    སྐྱིད་པོའི་དར་ཆེན་གཞུང་ནས། །

    ག་ལེར་བཞུགས་ཨང་ཞུས་པས། །

    ཁོམ་དུས་ཁ་པར་ནང་ནས། །

    དུས་ཆད་བཏབ་ཆོག་གསུངས་བྱུང་། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།