དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཤེས་རབ་དང་རྨོངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བན་ཤུལ་དཔལ་ལོ།   |     སྤེལ་དུས།  2026-01-25

    རྣམ་དཔྱོད་རིག་པའི་རྣོ་དབལ་ལྡན་པ་གང་། །

    ཀུན་གྱིས་བཀུར་ཞིང་གཞན་ལ་ཕན་པར་གཞོལ། །

    རྨོངས་པའི་བློ་རིག་ལྡོངས་པའི་གང་ཟག་ཉིད། །

    གཞན་གྱིས་སྤངས་ཤིང་རང་དོན་གཙིཊ་སུ་འཛིན། །


    ཤེས་རབ་འཛོམས་པ་ཐོས་བསམ་ནམ་མཁའི་མཐའ། །

    བློ་གྲོས་གཤོག་ཟུང་བསྟེན་ལ་མི་ངལ་ཞིང་། །

    རྨོངས་པའི་གཏི་མུག་ཅན་དེ་ལེ་ལོའི་དབང་། །

    ཉོན་མོངས་དགྲ་དང་བདེ་མོའི་མལ་ལ་ཆགས། །


    ཤེས་རབ་ལྡན་ན་ཆོས་ཀུན་བློ་མིག་གསལ། །

    སྤངས་བླངས་འཇུག་ལྡོག་རྒྱ་མཚོའི་ཕ་མཐའ་དཔོག །

    རྨོངས་པའི་དྲི་ཅན་མ་རིག་མུན་ཁམས་སུ། །

    འཁོར་བའི་སྡུག་གི་ས་མཚམས་གཞལ་ཡོད་མིན། །


    ཤེས་རབ་ལྡན་ན་རྒུད་པའི་སར་ལྷུངས་ཀྱང་། །

    གཞན་གྱི་ཡོན་ཏན་ཆུང་ངུ་ལེན་པར་བྱེད། །

    རྨོངས་པའི་སྐྱེ་བོ་ཕུན་ཚོགས་ཟང་ཟིང་གིས། །

    ཅུང་ཟད་དར་ཚེ་ང་རྒྱལ་ཁེངས་པས་ཚིམས། །


    དམ་པས་རྒྱ་མཚོ་ནོར་བུའི་གླིང་མཆོག་ཏུ། །

    རིག་པའི་དེད་དཔོན་འཚོལ་ལ་ཉེར་ལེན་བགྱིད། །

    བླུན་པོས་སྣང་བ་རྨོངས་པའི་སྟོང་དབྱིངས་ལ། །

    འབྲས་མེད་སྐས་འཛེག་འཛུགས་པའི་ལས་ལ་སྤྲོ། །


    ཤེས་རབ་ལྡན་ན་འཇིག་རྟེན་མི་བུ་ཀུན། །

    མ་བསྡུས་པར་ཡང་ངང་གིས་འཁོར་ལ་རིངས། །

    རྨོངས་པའི་སེམས་ཅན་ལ་ནི་སྐྱེ་འགྲོ་ཡིས། །

    རྒྱང་ནས་སྨོད་ཅིང་མཐུན་པར་མི་འགྱུར་རོ། །


    ཤེས་རབ་རྨོངས་པའི་རྣམ་གཞག་ཉུང་བསྡུས་འདི། །

    རང་བློ་ཚད་མས་བརྗོད་པར་མི་ནུས་མོད། །

    རང་དང་མཉམ་པའི་བློ་ལྡན་བུང་བ་ལ། །

    ཉན་སྐུལ་གྲོས་སུ་འཕྲལ་མར་ཕུལ་བ་དགེ །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།