ལང་ཚོ་རིག་རྩལ་ལ་བཅོལ་ཞིང་གར་སྟེགས་གྲོང་གསེབ་ལ་སྤོས།
ཁོང་ཚོ་བྱོན་པའི་ཡུལ་ལ། དགའ་བསུའི་བྲག་ཅ་ཁྱབ་ཡོད།
—— བོད་ལྗོངས་ཧ་ཧུ་གཞས་མ་གཏམ་ཚོགས་པའི་སྐོར་བཀོད་པ།

འདི་ནི་གཞི་རིམ་གྱི་ལྟད་མོ་བ་ཡིན་པ།

འདི་ནི་དགོད་བྲོའི་གཏམ་གླེང་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་འཁྲུག་ཆ་དོད་པའི་སྒོར་གཞས་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་ཟློས་གར་ཐུང་གྲས་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་ཡིན་པ།

འདི་ནི་ཟློས་གར་ཚོགས་པས་མཉམ་དུ་བརྒྱབ་པའི་གར་སྟེགས་པར་རིས་ཡིན་པ།
ཉིན་ཞག་གཅིག་གི་དུས་ཡུན་ནང་། ལྷོ་བྱང་གི་གཡའ་རི་ཙམ་མ་ཟད་མདའ་ཡི་སྤང་ཐང་ན་ཁ་དང་ཞིང་ཁའི་ལོ་ཏོག་བཅས་པ་ཁ་བས་ཡོངས་སུ་བསྣུབས་ཏེ་ས་ངོས་དྲོད་ཚད་ཀླད་ཀོར་སྟེང་འོག་ན་ཡ་ཡོ་བྱེད། དེ་ནི་སྤྱི་ལོ་2025ལོའི་ཟླ་བ་8ཚེས་29ཉིན་གྱི་རང་ལྗོངས་ཁང་དམར་རྫོང་བཞོན་འཕྲེང་ཤང་ཕྱི་འབྲོག་གྲོང་ཚོ་ཡི་ཞོགས་པའི་རྣམ་པ་རེད།
སྔོན་ཚུད་གཏན་འཁེལ་བྱས་པའི་འཆར་གཞི་ལྟར། དེ་ཉིན་ས་བབ་སྨི་4498ཟིན་པའི་གྲོང་ཚོ་དེའི་མང་ཚོགས་ཆིག་སྟོང་ཙམ་ལ་གཞིས་རྩེ་གྲོང་ཁྱེར་གྱི་གཤམ་སྤེལ་གསུམ་དང་ཡང་སྒོས་ཁྲིམས་ལུགས་དྲིལ་བསྒྲགས་ཁྱབ་གདལ་གྱི་རིག་རྩལ་སྟོན་མོ་སྤྱན་འབུལ་ཞུ་དགོས་པས། ཐོ་རེངས་མུན་པ་གསལ་མ་ཐག་ཏུ་འཁྲབ་སྟོན་པ་ན་གཞོན་ཕོ་མོ་ཚང་མས་གོམས་གཤིས་ལྟར་རྡོག་ཆས་སྒྲིལ་བཞིན་རྫོང་གྲོང་ནས་ཐོན་ཏེ་ཕྱི་འབྲོག་གྲོང་ཚོར་ཤར་རེར་བསྐྱོད།
གྲོང་ཚོར་འབྱོར་མ་ཐག་ཀུན་གྱི་མཐོང་ཆོས་སུ་གྱུར་ཞིང་། ཁ་ཤུལ་གྱི་ཡ་ཡུད་ཆེ་བའི་ཁོར་ཡུག་དེ་རུ་འཁྲབ་སྟོན་བྱེད་སྒོ་ལམ་ལྷོངས་ཡོང་མིན་ཐད་ཐེ་ཚོམ་ཟ་བའི་གནས་སུ་གྱར་ཡང་། གཟིགས་མོ་བ་ནི་རང་ཉིད་ཀྱི་ཕ་མ་ལྟ་བུའི་འདུ་ཤེས་འཛིན་མཁན་གྱི་འཁྲབ་སྟོན་པ་ཕོ་མོ་ཀུན་གྱིས་སྡིངས་ཆའི་མཛེས་བཟོ་དང་། འཁྲབ་སྟོན་གྱི་སྒྲ་སྒམ་སྒྲིག་ཆས་སོགས་ཕར་རུབ་ཚུར་རུབ་ངང་ནས་གྲ་སྒྲིག་ཚགས་སུ་ཚུད་པ་བྱེད་ཞོར་རང་རང་འཁྲབ་ཚན་གྱི་དགོས་མཁོ་བཞིན་འཁྲབ་ཆས་སྲབ་པོ་བརྗེ་ལེན་བྱེད་པར་ཡང་འཛེམ་བག་མི་འདུག
སྟོན་ཟླ་ར་བའི་གནམ་ངོ་འགྱུར་ལྡོག་ཆེ་ཡང་གྲང་ངད་ཡུན་དུ་མི་གནས་པས་ཉི་དྲོས་མཚམས་སུ་གྲོང་ཚོའི་མང་ཚོགས་དང་སློབ་ཆུང་གི་སློབ་ཕྲུག་བཅས་པས་རང་རྟོགས་ཀྱི་གོ་རིམ་སྒྲིག་ལམ་ཡོད་པའི་ངང་སྡིངས་ཆའི་གཤམ་གྱི་གཟིགས་མོ་བའི་གྲལ་ལ་རིམ་བཞིན་འཁོད་དེ་རིག་རྩལ་འཁྲབ་སྟོན་གྱི་ལོངས་སྤྱོད་ལ་རེ་སྒུག་བྱེད་བཞིན་གནས། བོད་ལྗོངས“ཧ་ཧུ་གཞས་མ་གཏམ་ཚོགས་པ”ཡི་འཁྲབ་སྟོན་གཙོ་སྐྱོང་པས། 2025ལོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅས‘གཤམ་སྤེལ་གསུམ’གྱི་གཅིག་སྡུད་དཔེ་སྟོན་དང་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོ”འདིར་འཁྲབ་སྟོན་གྱི་ནང་དོན་གྲ་སྒྲིག་གཟབ་རྒྱས་ཞུས་ཡོད་ཅེས་སྙན་སྒྲོན་ཞུས་འཕྲལ། བཀྲ་ཤིས་ཞོལ་པའི་བྲོ་གར་དང་བཅས་པར་ལྟད་མོ་བས་ཐལ་མོའི་རྡེབ་སྒྲ་བར་མེད་གྲགས།
རང་རང་གི་ལས་རིགས་ལ་དགའ་ཞེན་དང་ལས་རིགས་དེ་ལ་འགན་འཁྲི་འཁུར་སེམས་ཆེ་བའི་ཟོལ་མེད་ཀྱི་སྤྱོད་ཚུལ་འདི་དག་ནི་གསར་འགོད་པས་གཞི་རིམ་རྫོང་ཁག་གསུམ་ལ་གཤམ་སྐྱོད་བཅར་འདྲི་བྱེད་རིང་མིག་མཐོང་ལག་ཟིན་བྱུང་བས། མི་སེམས་གཡོ་བའི་སྣང་ཚུལ་དེ་ལ་སྔར་བས་རྒྱུས་ལོན་ཡོང་ཆེད། འཁྲབ་སྟོན་ཚོགས་པ་དེའི་འགན་འཁུར་བའི་གྲས་དང་། བོད་ཀྱི་རྒྱ་ཆེའི་གཟིགས་མོ་བས་ཤིན་ཏུ་དགའ་པོ་བྱེད་པའི་བཞད་གད་འཁྲབ་སྟོན་པ་ནོར་བུ་རྡོ་རྗེར་འགྲུལ་བཞུད་ཀྱི་ལམ་བར་དུ་གྲོས་གླེང་རྣམ་པའི་ཐོག་ནས་བཅར་འདྲི་ཞུས་པ་ཡིན།
“ཧ་ཧུ”ཞེས་པ་ནི་བོད་ཀྱི་དམངས་ཁྲོད་ངག་རྒྱུན་ལ་དར་བའི་བཞད་གད་ལྷང་ལྷང་གི་གོ་དོན་ཡིན་ཞིང་། ཉེ་ལམ་ལོ་ཤས་རིང་། བོད་ཀྱི་ཐག་རིང་ཞིང་འབྲོག་ས་ཁུལ་གྱི་དུས་སྟོན་ཁག་དང་ལོ་གསར་གྱི་མཚན་ཚོགས་སོགས་སུ་ངོ་མཚར་འཁྲུག་ཆ་དོད་པའི་རིག་གནས་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོས་མི་རྣམས་ལ་སྤྲོ་སྣང་དང་དྲང་ཕྱོགས་ཀྱི་སློབ་སྟོན་བྱེད་བཞིན་པའི་ཟློས་གར་ཚོགས་པ་ཞིག་ཡོད་པ་དེ་ནི་བོད་ལྗོངས་ཧ་ཧུ་གཞས་མ་གཏམ་རིག་རྩལ་ཚོགས་པ་རེད།
སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྱོང་གི་རྣམ་པ་ལོ་རེ་བཞིན་གུ་ཇེ་ཡངས་སུ་འགྲོ་བའི་གོ་སྐབས་དང་བསྟུན་ནས། 2017ལོར་ཟློས་གར་ཚོགས་པ་དེའི་ཚོགས་གཙོ་རྒྱལ་མཚན་ཕུན་ཚོགས་སློབ་ཆེན་ཐོན་རྗེས་སྒྱུ་རྩལ་འཁྲབ་སྟོན་ལ་དགའ་བའི་གྲོགས་པོ་ནོར་བུ་རྡོ་རྗེ་སོགས་དང་མཉམ་དུ་རང་ལྗོངས་ཀྱི་དམངས་ཁྲོད་གཞས་མ་གཏམ་ཚོགས་པ་དེ་བཙུགས་པ་རེད། དེ་རྗེས་ཟློས་གར་བ་ཐོག་མར་བསྡུ་འགོ་བརྩམས་ཤིང་། ཚོགས་པར་ཞུགས་མཁན་མང་ཆེ་བ་ལས་རིགས་དེ་ལ་དགའ་བའི་སློབ་ཆེན་གྱི་སློབ་མ་ཡིན་ཡང་ཐོག་མའི་དུས་སུ་ཆེད་ལས་རང་གི་ཟློས་གར་བ་མེད། དང་ཐོག་ཁོང་ཚོར་འཁྲབ་སྟོན་ནང་སྦྱོང་མ་བྱས་པར་ཆེད་ལས་ཁྱབ་ཁོངས་དེའི་ནང་གི་ཤེས་བྱ་སློབ་ཁྲིད་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་དུ་སྐབས་ཐོག་གི་སྦྱོང་བརྡར་སྤྲད་ཅིང་། དེའི་ནང་དུ་བོད་ཀྱི་སྲོལ་རྒྱུན་ཟློས་གར་དང་། གཞས་མ་གཏམ། གླུ་གར་སོགས་ཚུད་ཡོད་པས་ཚོགས་མི་སོ་སོའི་ཁ་རྩལ་དང་། འཁྲབ་འཁྱེར། རིག་རྩལ་གྱི་གཞི་རྩའི་རྨང་གཞི་སོགས་ཀྱི་བྱང་ཆའི་ཐད་ཀྱི་འཇོན་ལོས་ཤེས་རྟོགས་ཐུབ་ཡོད།
2018ལོ་ནས་2019ལོའི་བར། ཚོགས་པ་དེས་བོད་ཀྱི་རིག་རྩལ་འཁྲབ་གཞུང་དང་འཁྲབ་སྟོན་ཐད་སྙན་གྲགས་ཆེ་བའི་རྒན་རབས་མཁས་དབང་ཚོའི་ས་ནས་དགོངས་འཆར་སློབ་སྟོན་མང་པོ་སློབ་སྦྱོང་ཞུས་ཏེ། གཙོ་ཆེར་བོད་སྐད་ཀྱི་ལམ་ནས་བརྗོད་བྱ་སྣ་མང་གི་འཁྲབ་གཞུང་གསར་རྩོམ་བྱས་ཤིང་། ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་གྲོང་གསེབ་ཁུལ་དུ་འཁྲབ་སྟོན་ཐེངས་བཅུ་གྲངས་བྱས་པར་གཟིགས་མོ་བའི་དགའ་བསུ་དང་གདེང་འཇོག་གང་ལེགས་ཐོབ་པ་མ་ཟད་རིག་རྩལ་གྱི་ཁྲོམ་རའི་དགོས་མཁོ་ཐོག་མར་འཚོལ་ཞིབ་ཐུབ་ཅིང་། ལོ་ཤས་རིང་བོད་ཀྱི་གཞི་རིམ་གྱི་ཞིང་འབྲོག་ས་ཁུལ་ལ་གཤམ་སྐྱོད་བྱས་ཏེ་རིག་རྩལ་གྱི་སྤྲོ་སྣང་གང་སར་ཁྱབ་པར་བྱས་ཡོད།
སྤྱི་ཚོགས་ཀྱི་འཕོ་འགྱུར་དང་མི་རྣམས་ཀྱི་རིག་གནས་འཚོ་བའི་དགོས་མཁོར་ཡང་འགྱུར་བ་འགྲོ་བཞིན། ཟློས་གར་ཁང་ལ་ལྟད་མོར་འོང་མཁན་གྱི་མི་གྲངས་འཆར་ཅན་མེད་ལ་རིག་རྩལ་ཚོགས་པའི་ཡོང་སྒོའི་འབབ་ཁུངས་གཏན་འཁེལ་མེད་པས་དཀའ་ངལ་ཆེན་པོ་ཐུག་ཀྱང་། རིག་རྩལ་གྱི་ལས་རིགས་ལ་དགའ་དྲགས་པའི་དབང་གིས་ཁོང་ཚོས་འཁྲབ་སྟོན་གསར་རྩོམ་དང་སྦྱོང་བརྡར་བྱེད་པའི་བར་མཚམས་བཞག་མེད་ལ། སྤྱི་པའི་འདུ་ཚོགས་ཡོད་སར་འཁྲབ་ཚན་ཐུང་ངུ་དང་ཟློས་གར་ཐུང་གྲས་འཁྲབ་ནས་ཚོགས་པའི་གཉེར་སྐྱོང་རང་ཁ་རང་གསོ་ཡོང་ཐབས་བྱས།
དེ་རྗེས་རྒྱལ་མཚན་ཕུན་ཚོགས་ཀྱིས་ཚོགས་གཙོ་བྱས་པའི་ཚོགས་པའི་འགན་འཁུར་བ་ཚོས་རིག་རྩལ་གྱི་ལམ་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་པའི་ཐབས་ལམ་ཞིག་འཚོལ་ཞིབ་ཀྱིས། སྔོན་ལ་འཁྲབ་གཞུང་གསར་རྩོམ་མི་སྣ་ཚོས་ཁྲིམས་ལུགས་ཀྱི་དོན་ཚན་མང་པོར་སློབ་སྦྱོང་དང་དེ་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་བྱ་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་དངོས་དང་ཁ་ཐག་ཉེ་བའི་འཁྲབ་སྟོན་ཐེངས་མང་བྱས་རྗེས། སྤྱི་ཡོངས་ཀྱི་གདེང་འཇོག་བཟང་པོ་ཐོབ་ནས་བོད་ཀྱི་གཞི་རིམ་ས་ཁུལ་གྲོང་ཁྱེར་དང་རྫོང་ཁག་གིས་གདན་ཞུའི་དུས་ཆད་བར་མེད་འབྱོར། རིག་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་ཚན་རྩལ་དང་ཁྲིམས་ལུགས། འཕྲོད་བསྟེན་བདེ་ཐང་སོགས་ཀྱི་དྲིལ་བསྒྲགས་ཁྱབ་སྤེལ་ནུས་པ་ཐོན་ཐུབ་པའི་འཁྲབ་སྟོན་ཐེངས་མང་བྱས་པས། གཞི་རིམ་མང་ཚོགས་ཚོའི་དགའ་བསུ་ཚད་མེད་ཐོབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2014ལོའི་རྒྱལ་ཡོངས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག “འགྲོ་བ་མིའི་རིགས་ཀྱི་འཚོ་བའི་རྣམ་པ་ཡོད་རྒུ་རིག་རྩལ་བརྩམས་ཆོས་ཀྱི་ཁྲོད་ནས་བློ་སྒོ་འབྱེད་རྒྱུ་ཡོད་ལ། རིག་རྩལ་གྱིས་གཞོན་ནུ་རྣམས་ལ་ཡིད་དབང་འཕྲོག་ཤུགས་ཆེས་ཆེ་བ་དང་ཤུགས་རྐྱེན་ཡང་ཆེ་ཤོས་ཡིན”ཞེས་བཀའ་སློབ་གནང་ཡོད། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་“ཧ་ཧུ”གཞས་མ་གཏམ་ཚོགས་པས་གཤམ་སྐྱོད་འཁྲབ་སྟོན་རྒྱུན་འཁྱོངས་བྱས་ཏེ། གངས་དཀར་ཏི་སེའི་འདབས་ཀྱི་སྟོད་བྱང་ས་ཁུལ་དང་། ཇོ་མོ་གླང་མའི་གཤམ་གྱི་ཡངས་པའི་གཙང་ལྗོངས། དེ་བཞིན་རང་ལྗོངས་དབུས་ཤར་གྱི་ས་ཕྱོགས་མང་པོར་བསྐྱོད་དེ་དགའ་སྐྱིད་སྤྲོ་སྣང་མཚོན་པའི་རིག་རྩལ་གྱི་བརྩམས་ཆོས་མང་པོ་རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་སྤྱན་འབུལ་ཞུས་ཡོད་ལ། གཞོན་ནུའི་ལང་ཚོ་རིག་རྩལ་ལས་རིགས་ལ་བཅོལ་ཞིང་གར་སྟེགས་གྲོང་གསེབ་ལ་སྤོ་མཁན་ཚོགས་པ་དེ་ས་ཕྱོགས་གང་དུ་བྱོན་པའི་ཡུལ་ཕྱོགས་དེ་ན། བབ་ཆགས་པའི་གྲོང་གསེབ་ཀྱི་ཞིང་འབྲོག་མང་ཚོགས་ཚོས་ཟོལ་མེད་ངང་ཕུལ་བའི་དགའ་བསུའི་བྲག་ཅ་ཁྱབ་ཡོད།
འབྲེལ་ཡོད་གསར་འགྱུར།