ལྷང་ལྷང་རྣ་བར་འཇེབས་པ། ཨ་ཅེ་ལྷ་མོའི་རྣམ་ཐར།
—— སྟོད་ལུང་སྣ་མཁར་ལྷ་མོའི་རྒྱུན་འཛིན་པ་ཨ་མདོ་ལགས་ཀྱིས་ལྷ་མོའི་སྐོར་གླེང་བ།

འདི་ནི་སྣ་མཁར་ལྷ་མོ་ཚོགས་པ་ཡིན་པ།
དེང་དུས་ལྷ་མོའི་སྒྱུ་རྩལ་ལ་ཐུགས་སྣང་ཆེར་མེད་པ་དག་གི་གཟིགས་ཚུལ་ལ། རྔ་ལ་དབྱུ་གུས་གང་བྱུང་དུ་བསྣུན་པ་ཞིག་དང་། སྦུབ་ཆལ་གང་བྱུང་དུ་དཀྲོལ་བ་ཞིག དེ་བཞིན་སྙན་དབང་གི་གསན་སྣང་དུའང་རྔ་སྦུབ་གཉིས་ལ་སྒྲ་གཅིག་རང་ལས་དེར་གདངས་དབྱངས་མི་འདྲ་བ་གང་ཡང་མེད་པ་ཞིག་ལ་མངོན་པ་དེ་འདྲ་གཏན་ནས་མ་ཡིན།
ཨ་མདོ་ལགས་ཀྱིས།
ཨ་མདོ་ལགས་ནི་སྟོད་ལུང་མཚུར་ཕུ་དགོན་པའི་འདབས་ཀྱི་སྣ་མཁར་གྲོང་ཚོའི་སོ་ནམ་པ་ཞིག་ཡིན་པ་མ་ཟད། སྣ་མཁར་གྲོང་ཚོའི་ལྷ་མོའི་འཁྲབ་སྟོན་པ་རྒན་གྲས་དང་། ལྷ་མོའི་དགེ་རྒན། ལྷ་མོ་ཚོགས་པའི་འགན་འཁུར་བ། སྣ་མཁར་ལྷ་མོའི་དཔེ་མཚོན་རྒྱུན་འཛིན་པ་ཞིག་ཀྱང་རེད།

འདི་ནི་ཨ་མདོ་ལགས་ནས་རྩོམ་སྒྲིག་གནང་བའི་འཁྲབ་གཞུང་ཡིན་པ།
སྒྱུ་རྩལ་གྱི་མི་ཚེ།
ཨ་མདོ་ལགས་ནི་1965ལོར་སྟོད་ལུང་བདེ་ཆེན་ཆུས་མཚུར་ཕུ་ཞོལ་དུ་འཁྲུངས་ཤིང་། དགུང་ལོ་བདུན་ལ་སོན་སྐབས་སྣ་མཁར་གྲོང་ཚོའི་སློབ་ཆུང་དུ་ཡི་གེ་འབྲི་ཀློག་ནས་འགོ་བརྩམས་ཏེ་རྨང་གཞིའི་ཤེས་བྱ་སྦྱོང་འགོ་ཚུགས་པ་དང་། སྤོ་བོ་ལགས་དང་ཡབ་ཆེན་དམ་པའི་ངག་སློབ་དཔེ་སྟོན་འོག བསམ་ཤེས་ཐུབ་མ་ཐུབ་ཀྱི་བྱིས་པའི་སྐབས་ཏེ། ལོ་13ཙམ་ལ་ཨ་མདོ་ལགས་ཀྱིས་སྐྱོར་མོ་ལུང་གི་ལྷ་མོའི་ཟློས་གར་སྦྱོང་རྒྱུའི་སེམས་ཐག་བཅད་པ་དང་། སྤོ་བོ་ལགས་དང་ཡབ་ཆེན་དམ་པ་རྣམ་གཉིས་ནས་དུས་ཁོམ་བྱུང་རིམ་བཞིན་ཁྱིམ་དུ་ཨ་ཅེ་ལྷ་མོར་གླེང་མོལ་གནང་གི་ཡོད་སྟབས། རིག་པ་གསལ་ལ་ལྷ་མོའི་འཁྲབ་སྟོན་ལ་དད་མོས་ཤིན་ཏུ་ཆེ་བའི་ཁོང་གི་སྒྱུ་རྩལ་ཐད་ཀྱི་ལྷན་སྐྱེས་ཤེས་རབ་གོང་ནས་གོང་དུ་འཕེལ་བར་ཁྱིམ་ཚང་དང་ཕ་མའི་ཤུགས་རྐྱེན་ཟབ་མོ་ཐེབས། 1979ལོར་སྣ་མཁར་ལས་ཞོར་ལྷ་མོ་ཚོགས་པར་ཕྱག་ལས་གནང་བ་དང་། མ་གཞི་ཨ་མདོ་ལགས་ཟློས་གར་འཛིན་གྲྭར་ཞུགས་པའི་དུས་ཚོད་ཅུང་ཕྱི་པོ་ཡིན་མོད། འོན་ཀྱང་། འཁྲབ་འཁྱེར་ཕུལ་དུ་བྱུང་བའི་ཆ་རྐྱེན་བཟང་པོས་1987ལོར་ཟློས་གར་འཛིན་གྲྭའི་ལྷ་མོའི་དགེ་རྒན་དུ་གྱུར། ཨ་མདོ་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ལྷ་མོའི་དགེ་རྒན་ནི་ཟློས་གར་གཞན་དང་མི་འདྲ་བར་སྤྱིར་ན་ལྷ་མོའི་འཛིན་གྲྭའི་འཁྲབ་རྩལ་ཡག་ཤོས་ཀྱི་སྐྱེས་པའི་འཁྲབ་སྟོན་པས་འཁྲབ་དགོས་ཀྱི་ཡོད། ལྷ་མོའི་དགེ་རྒན་ནི་ལྷ་མོའི་འཁྲབ་ཁྲིད་པ་ཡིན་ལ་ལྷ་མོའི་གཙོ་འགན་འཁུར་མཁན་ཡང་ཡིན་ཞིང་། ལྷ་མོའི་འཁྲབ་སྟོན་ནང་ཞུགས་དགོས་སྟབས། ལྷ་མོའི་འཁྲབ་གཞུང་དང་། རྣམ་ཐར་གྱི་འགྱུར་ཁུག སྟངས་སྟབས། འཁྲབ་ཆས་བཅས་ལ་རྒྱུས་མངའ་ལོན་དགོས་པ་མ་ཟད། ད་དུང་ལྷ་མོ་འགོ་ཚུགས་སྐབས་གར་སྟེགས་སུ་ལངས་ཏེ་ཟློས་གར་ལྟ་མཁན་རྣམས་ལ་གཞུང་སྲོང་དགོས་ཀྱི་ཡོད་ལ། དེ་རྗེས། འཁྲབ་སྟོན་པས་གཞི་ནས་ལྷ་མོ་འཁྲབ་འགོ་འཛུགས་ཀྱི་ཡོད། ལྷ་མོའི་འཛིན་གྲྭའི་ལྷ་མོའི་འཁྲབ་རྩལ་ལེགས་ཉེས་དེ་ལྷ་མོའི་དགེ་རྒན་གྱིས་ཐག་གཅོད་དགོས་ཀྱི་ཡོད་པ་རེད། 1997ལོར་ཨ་མདོ་ལགས་ནས་སྣ་མཁར་ལས་ཞོར་ལྷ་མོ་ཚོགས་པའི་ཚོགས་གཙོ་དང་དགེ་རྒན་གྱི་འགན་གཅིག་ལྕོགས་འཁུར་གནང་བ་དང་། 2001ལོའི་ལྷ་སའི་ཞོ་སྟོན་སྐབས་གཅུང་པོ་དོན་ཡོད་དོན་གྲུབ་འཁྲབ་སྟོན་གནང་བར། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ནས་ཁོང་ཚོའི་ལྷ་མོ་ཚོགས་པར་བྱ་དགའ་རིམ་པ་གཉིས་པ་དང་། ཁོང་སྒེར་ལ་དགེ་རྒན་གྱི་བྱ་དགའ་ཨང་གསུམ་པ་སྤྲད་པ་རེད། དེ་བཞིན་2007ལོར་མི་སྒེར་གྱི་བྱ་དགའ་རིམ་པ་དང་པོ་དང་། ལྷ་མོ་ཚོགས་པར་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད་པ་རེད། 2008ལོར་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སུ་བོད་ཀྱི་ལོ་གསར་མཚན་ཚོགས་ཀྱི་བཀྲ་ཤིས་པའི་ཞོགས་པ་ཞེས་པར་དགེ་རྒན་ཆེ་མོ་བ་ཁོང་རང་ཉིད་ནས་བོད་ཀྱི་སྲོལ་རྒྱུན་གྱི་འབྲས་དཀར་འཁྲབ་སྟོན་གནང་མྱོང་ཡོད་ཅིང་། 2009ལོར་ལྷ་མོ་ཚོགས་པར་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། 2012ལོར་ཁོང་སླར་ཡང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སུ་ཁ་བཏགས་ཀྱི་སྨོན་འདུན་མཚན་ཚོགས་ནང་བཞུགས་མྱོང་ཡོད། དེ་ནས་2014ལོར་དགེ་རྒན་ཆེ་མོ་བ་ཁོང་བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས་པ་རེད། ཨ་མདོ་ལགས་བོད་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་བདམས་ཚུན། ཁོང་གི་ཕྲག་ཐོག་གི་འགན་འཁྲི་དེ་བས་ལྕི་རུ་སོང་ནའང་། ཁོང་གིས་སྔ་ཕྱི་བར་གསུམ་དུ་ལྷ་མོའི་རུ་ཁག་གི་གཞོན་སྐྱེས་འཁྲབ་སྟོན་པ་ཚོར་ལྷ་མོ་འཁྲབ་སྟངས་སློབ་བཞིན་ཡོད་པ་མ་ཟད། དེ་བས་རང་འགན་གཙང་སྒྲུབ་ཀྱིས་ལྷ་མོའི་རྒྱུན་འཛིན་བྱ་གཞག་ལ་ལེགས་སྐྱེས་གང་ནུས་འབུལ་བཞིན་ཡོད་པ་རེད།
ཨ་མདོ་ལགས་རྒྱུན་དུ་སྨྲ་བ་མང་པོ་མེད་ནའང་། ལྷ་མོའི་སྐོར་གླེང་རིམ་བཞིན་ཁོང་ལ་བཀལ་མོལ་མང་པོ་ཞིག་གསུང་རྒྱུ་འདུག

འདི་ནི་སྣང་ས་འོད་འབུམ་གྱི་འཁྲབ་གཞུང་ལས་ཡབ་ཀུན་བཟང་བདེ་ཆེན་ཏེ་དམངས་མའི་ཆ་ལུགས་ཡིན་པ།
རྒྱུན་འཛིན་གྱི་འགན་འཁྲི།
བོད་ཀྱི་སྲོལ་རྒྱུན་ཨ་ཅེ་ལྷ་མོ་ནི་རྒྱ་ཆེ་བའི་ས་མཐོའི་འཛིན་མའི་སྟེང་གནས་བཅས་པའི་བོད་མི་རིགས་རང་ཉིད་ཀྱི་དམངས་སྲོལ་དང་བསྟུན་ནས་གྲུབ་པ་དང་། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་གསར་གཏོད་གནང་བ་ནས་བཟུང་དར་ཁྱབ་དང་འཐུས་སྒོ་ཇེ་ཚང་དུ་སོང་བའི་ཟློས་གར་ཞིག་རེད། དེའི་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་གཞུང་དངོས་འཁྲབ་སྟོན་བྱེད་སྐབས་གཅིག་ནས་ཁ་བཤད་བཏང་སྟེ་ཕན་ཚུན་བརྡ་སྤྲོད་པ་དང་། གཉིས་ནས་དེའི་ནང་དོན་རྣམས་རྟ་དབྱངས་སུ་གྱེར་ཏེ་བརྡ་སྤྲོད་ཀྱི་ཡོད་པ་དེ་ལ་གཞས་སམ་གླུ་ལ་སོགས་པ་མི་བརྗོད་པར“རྣམ་ཐར”ཞེས་བརྗོད་པ་ཡིན།
ཉེ་རབས་ལོ་རྒྱུས་ཐོག་ལྷ་མོའི་སྐོར་གྱི་གཏམ་བཟང་མང་པོ་ཡོད་པ་སྟེ། 2006ལོར་ལྷ་མོའི་ཟློས་གར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལྷ་མོའི་ཟློས་གར་དེ་ཉིད་འཛམ་གླིང་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཏུ་བདམས་ཏེ་གནའ་བོའི་ལྷ་མོའི་སྒྱུ་རྩལ་གྱི་རིན་ཐང་གང་ལེགས་མངོན་པར་བྱས་ཡོད།
གནའ་རབས་ཀྱི་གཏམ་དཔེར། རྔ་ལ་དཔགས་པའི་འཆམ་ཞེས་པ་དེ་ནི་དོན་ལ་གནས་པ་ཞིག་རེད། ལྷ་མོའི་འཁྲབ་འཁྱེར་མཐའ་དག་རྔ་སྦུབ་གཉིས་ལ་ལྟོས་དགོས་པ་ནི་སྨོས་མི་དགོས། དེང་དུས་ལྷ་མོའི་སྒྱུ་རྩལ་ལ་ཐུགས་སྣང་ཆེར་མེད་པ་དག་གི་གཟིགས་སྟངས་ལ། རྔ་ལ་དབྱུ་གུས་གང་བྱུང་དུ་བསྣུན་པ་ཞིག་དང་། སྦུབ་ཆལ་གང་བྱུང་དུ་དཀྲོལ་བ་ཞིག དེ་བཞིན་སྙན་དབང་གི་གསན་སྣང་དུའང་རྔ་སྦུབ་གཉིས་ལ་སྒྲ་གཅིག་རང་ལས་དེར་གདངས་དབྱངས་མི་འདྲ་བ་གང་ཡང་མེད་པ་ཞིག་ལ་མངོན་པ་དེ་འདྲ་གཏན་ནས་མ་ཡིན། དཔེར་ན། རྔ་ལ་མཚོན་ན་དབྱུ་གུ་གཅིག་རྡུང་གཉིས་རྡུང་ཡོད་པ་དང་། དེང་སྐབས་ལྷ་ས་ཁུལ་དུ་ལྷ་མོ་འཁྲབ་སྟོན་གནང་མཁན་ཚོས་དབྱུ་གུ་གཅིག་རྡུང་མཛད་པ་དེ་ལའང་། དཀྱིལ་རྡུང་། བར་རྡུང་། མཐའ་རྡུང་ཞེས་པ་དང་། གྱེན་འདེད། ཐུར་འདེད། འཕྲེད་འདེད། མཐེབ་ཆེན། མཐེབ་ཆུང་། མཐེབ་འབྲིང་ཞེས་པ་སོགས་ལག་པའི་སྣུན་ཤུགས་དང་། དབྱུ་གུའི་ཡུ་བ་སོར་མོས་བཟུང་བར་ཡང་དམ་ལྷུག་གི་ཁྱད་པར་ལས་སྒྲ་གདངས་ཀྱི་སྙན་ཆ་འདོན་ལུགས་མི་འདྲ་བ་ཡོད་ལ། དཀྱིལ་མཛུབ་དང་། མཛུབ་ཆུང་གི་འགུལ་སྟངས་མི་འདྲ་བར་གཞིགས་ནས་སྙན་ཆ་འདོན་པ་དང་། སྦུབ་ཆལ་དཀྲོལ་ཚུལ་ཐད་གང་དཀྲོལ་དང་། ཕྱེད་དཀྲོལ། ཤུགས་ཆེན་དཀྲོལ་བ། མཐའ་དཀྲོལ་སོགས་བཞི་རུ་འདུས་ཡོད། ལྷ་མོའི་ཟློས་གར་གྱི་རོལ་མོའི་སྙན་འགྱུར་འདོན་ལུགས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་དེ་རྣམས་ནི་སྔོན་བྱོན་མེས་པོ་ཚོས་སྒྱུ་རྩལ་རྣམ་གྲངས་དེར་བཞག་པའི་མཛད་རྗེས་ཡིན་པ་སྨོས་མེད་རེད།
ལྷ་མོའི་གཞི་རྩའི་འཁྲབ་འཁྱེར་ནི། དལ་འཁྲབ། བྲེལ་འཁྲབ། རྒྱབ་འཐེན་བསྐོར་བ། བྱ་འགྲོས་བསྐོར་བ། ཕྱག་འབུལ་དཔྲལ་བསྐོར། འཕག་ཆེན་སོགས་དང་། སྐྱོར་མོ་ལུང་གི་དགེ་རྒན་རིག་པ་ཞེས་པས་དུས་རབས་བཅུ་དགུ་པའི་ནང་གསར་གཏོད་བྱས་པའི་གྲལ་འཁྱིལ་བསྐོར་བ་ཞེས་པ་སོགས་བདུན་པོ་འདི་ལ་ཕོ་འཁྲབ་དང་མོ་འཁྲབ་ཀྱི་དབྱེ་བ་གསལ་པོ་ཕྱེ་བ་ནི། རྐང་པའི་འདེགས་འཇོག་དང་ལག་འཁྱེར་ལ་མཚོན་ན། ཕོ་འཁྲབ་མདའ་མོ་འཕེན་པ་འདྲ། །མོ་འཁྲབ་ཕྲེང་བ་གྱོན་པ་འདྲ། །ཞེས་པ་ལྟར་དང་། དེ་བཞིན་རྐེད་པ། མགྲིན་པ། སྟ་ཟུར་བཅས་ཀྱི་ལྡེམ་འགྱུར་ཁྱད་དུ་འཕགས་པ་ནི་བལྟས་ན་འདྲེན་བྱེད་ཀྱི་དགའ་སྟོན་དུ་གྱུར་པ་དང་། རང་ཉིད་འཁྲབ་སྟོན་ནང་ཞུགས་ན་ཇི་ཙམ་ཞུགས་པ་དེ་ཙམ་གྱིས་ཡིད་ལ་སྤྲོ་བ་བསྐྱེད་ནུས་པ་ཞིག་ཡོད།

འདི་ནི་སྣང་ས་འོད་འབུམ་གྱི་རྣམ་ཐར་ལས་རི་ནང་དཔོན་སྒྲ་ཆེན་ཏེ་རྒྱལ་པོའི་ཆ་ལུགས་ཡིན་པ།
ཆེད་ལས་པའི་གདེང་འཇོག
ལྷ་ས་གྲོང་ཁྱེར་རིག་གནས་ཅུས་མངོན་མིན་རིག་གནས་ཤུལ་བཞག་གཞུང་ལས་ཁང་གི་རྒན་སྙེ་གཞུང་ནོར་བཟང་ལགས་ཀྱི་ཨ་ཅེ་ལྷ་མོའི་འཁྲབ་དཔེའི་སྐོར་གྱི་དགོངས་ཚུལ་ལྟར་ན། བོད་ཀྱི་ཨ་ཅེ་ལྷ་མོའི་རྣམ་ཐར་བརྒྱད་ནི་གཅིག་མཚུངས་ཡིན་ནའང་། འཁྲབ་དཔེ་ནི་རྦད་དེ་གཅིག་པ་ཡིན་དགོས་པའི་ངེས་པ་མེད། དེའང་འཁྲབ་དཔེ་ཟེར་བ་ནི། ལྷ་མོ་ཚོགས་པ་གང་རུང་གིས་རང་གིས་འཁྲབ་བྱར་གཏན་འཁེལ་བའི་ཨ་ཅེ་ལྷ་མོའི་རྣམ་ཐར་གང་རུང་དེར་གཞི་བཅོལ་བའི་རྨང་གཞིའི་ཐོག དེའི་ནང་དོན་ཁག་ལས་རྒྱས་བསྡུས་དང་། གཙོ་ཕལ་སྤང་བླང་ནན་པོ་བྱས་ཏེ། དངོས་སུ་མང་ཚོགས་ཀྱི་མདུན་དུ་འཁྲབ་བྱའི་ནང་དོན་ཁག་ཡི་གེར་ཕབ་པ་དེ་དག་ཡིན་འདུག ལྷག་པར་དུ། ལྷ་མོའི་ཟློས་གར་བརྒྱད་ཀྱི་སྒྲུང་གཏམ་ཁག་དེང་གི་བོད་ཡིག་དཔེ་ཁང་ཁག་ཏུ་ཉོ་རྒྱུ་ཡོད། འོན་ཏེ། ཨ་ཅེ་ལྷ་མོའི་འཁྲབ་དཔེ་ཟེར་བ་དེ་ལྷ་མོའི་དགེ་རྒན་རང་ཉིད་ཀྱི་བློ་ལ་འཛིན་ཏེ། ཁོང་ཚོའི་ངག་ཐོག་ནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ། ཡང་ན་ལྷ་མོ་ཚོགས་པ་སོ་སོའི་ལྷ་མོ་འཁྲབ་སྦྱོང་བྱེད་སྐབས་ནང་ཁུལ་དུ་འཁྲབ་དཔེ་རེ་ཡོད་ཚུལ་གོ་བ་ཙམ་ལས། དཔེ་ཁང་ཁག་ཏུ་ཉོ་རྒྱུ་ཡོད་པ་ད་ཕན་མཐོང་མ་བྱུང་ལ། ཐོས་ཀྱང་མ་མྱོང་། དེར་བརྟེན་ཨ་ཅེ་ལྷ་མོའི་འཁྲབ་དཔེ་ཁ་ཐང་པོ་ཡོད། ལྷ་སའི་ཁུལ་ལ་ཆ་མཚོན་ན། ཨ་མདོ་ལགས་ཀྱིས་བསྡུ་སྒྲིག་གནང་བའི་འཁྲབ་དཔེ་འདི་ད་ཕན་པར་འགྲེམས་བྱས་པའི་ཨ་ཅེ་ལྷ་མོའི་འཁྲབ་དཔེ་ཐོག་མ་དེ་ཡིན་སྲིད།
གཞུང་བཤད་ལ་ཆ་བཞག་ན། གདོད་མའི་ལྷ་མོ་དང་སྲོལ་རྒྱུན་ལྷ་མོའི་གཞུང་བཤད་པའི་གཞུང་བཤད་ཀྱིས་འཁྲབ་ཚན་ཧྲིལ་པོའི་ནང་གི་དུས་ཚོད་ཧ་ཅང་རིང་པོ་ཞིག་ཟིན་ཡང་། དེང་རབས་ལྷ་མོའི་རྒྱབ་ལྗོངས་སོགས་ཀྱིས་གཞུང་བཤད་ཀྱི་ནང་དོན་མཚོན་པར་བྱེད་ཀྱི་ཡོད་པས་གཞུང་བཤད་ལྡབ་མང་པོས་ཉུང་དུ་ཕྱིན་ཡོད།
རོལ་ཆར་ཆ་བཞག་ན། སྲོལ་རྒྱུན་ལྷ་མོའི་རོལ་ཆ་གཙོ་བོ་དེ་རྔ་དང་སྦུབ་ཆལ་ཙམ་ཡིན་ཀྱང་། དེང་རབས་ལྷ་མོའི་རོལ་ཆ་ནི་སྣེ་མང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཆ་རྐྱེན་གྱི་ཐད་ནས་བརྗོད་ན། སྲོལ་རྒྱུན་ལྷ་མོའི་དུས་རིམ་ནང་གཙོ་བོ་ས་སྟོང་ལྷེབ་ཙམ་ཞིག་དང་རྔ་དང་སྦུབ་ཆལ་ཕུད་དམིགས་བསལ་གྱི་ཆ་རྐྱེན་གང་ཡང་མེད་ཀྱང་། དེང་རབས་ལྷ་མོར་ཚོགས་ཁང་དང་། གློག་འོད། དེ་བཞིན་རྒྱབ་ལྗོངས་སོགས་དེང་རབས་འཚོ་བའི་ཁྲོད་སྤྱོད་བཞིན་པའི་ཆ་རྐྱེན་མེད་ན་མ་གཏོགས་ཡོངས་རྫོགས་འཛོམས་ཡོད།
སྣ་མཁར་ལྷ་མོ་ཚོགས་པ་ནི་དུས་རབས་བཅོ་ལྔ་པའི་སྐབས་འཁྲབ་སྟོན་བྱེད་འགོ་ཚུགས་པ་དང་། སྐབས་དེ་དུས་བོད་ཀྱི་ས་གནས་གང་སར་འཁྲབ་སྟོན་བྱེད་ཆོག་པ་མ་ཟད་ད་དུང་བསོད་སྙོམས་ཀྱང་སློང་ཆོག་གི་ཡོད། དེའི་སྐབས་ཀྱི་འཁྲབ་གཞུང་ནི་ནོར་བཟང་དང་འགྲོ་བ་བཟང་མོ། སྣང་ས་འོད་འབུམ་བཅས་གསུམ་འཁྲབ་སྟོན་བྱེད་བཞིན་ཡོད། དེ་ནས་བཟུང་། ང་ཚོའི་ལྷ་མོའི་ཚོགས་པའི་མིང་ལ་མཚུར་ཕུ་དགོན་སྣ་མཁར་ལྷ་མོ་ཞེས་ཐོགས།
ད་ཆ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་དང་དེ་བཞིན་ཁྱད་ལྡན་གྲོང་ཚོ་དང་གྲོང་གསེབ་དར་རྒྱས་གཏོང་བའི་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་དོན་འཁྱོལ་བྱེད་པ་དང་བསྟུན་ནས། སྣ་མཁར་ལྷ་མོ་རུ་ཁག་གིས་སླར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསུས་ཏེ། ད་ལྟ་ལྗོངས་ཡོངས་སུ་བོད་ཀྱི་སྲོལ་རྒྱུན་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་ཚང་མ་འཁྲབ་སྟོན་བྱེད་ཐུབ་པའི་དམངས་ཁྲོད་ལྷ་མོའི་རུ་ཁག་ཞིག་ཏུ་གྱུར་ཡོད།
ངག་འཇམ་ལ་ཚིག་སྙན་པའི་བཀའ་མོལ་གྱི་ཁྲོད་དུ་དུས་ཚོད་ཇི་ལྟར་སོང་བའང་གུས་པས་མ་ཚོར་ལ། ཁོང་གིས་གསུངས་པའི་ནང་དོན་དག་ཆ་ཚང་ཡི་གེར་འགོད་པའི་སྤོབས་པའང་བྲལ། ཆ་རྐྱེན་ཅུང་ཞན་པའི་སོ་ནམ་མང་ཚོགས་དཀྱུས་མ་ཤིག་གིས་ལྷ་མོའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་སླད་དུ་རང་ནུས་གང་ཡོད་འདོན་བཞིན་པའི་གཞན་ལས་ལྷག་པའི་སེམས་ཤུགས་དང་ཧུར་བརྩོན་ལ་སྨྱུག་འཛིན་པ་དགའ་མགུ་ཡི་རང་ཚད་མེད་སྐྱེས་བྱུང་།

འདི་ནི་སྣང་ས་འོད་འབུམ་གྱི་རྣམ་ཐར་ལས་བསོད་ནམས་དཔལ་བསྐྱེད་དེ་བློན་པོའི་ཆ་ལུགས་ཡིན་པ།
འབྲེལ་ཡོད་གསར་འགྱུར།