སོ་ནམ་ལོ་གསར་ལ་ཕུལ་བའི་ཀ་བཤད།
ཨ་ཁུ་ཞིང་པས་ངལ་བ་རྒྱབ་བསྐྱུར་དཔུང་པ་ས་འོག་བཅུག་པ་ཡིས། །
ཧ་ལོག་དོགས་པ་སྤུ་ཙམ་མི་དགོས་སོ་ནམ་ལས་སུ་འབུངས་པ་ཡི། །
ཧ་ལམ་ཞིང་ལ་ཐོན་འབབ་ལེགས་པའི་མཇུག་སྡོམ་རྒྱག་དང་མཚུངས་སམ་ཅི། །
ཨ་ཧོ་ལོ་གཅིག་དུས་གཅིག་ངེས་གཏན་སོ་ནམ་ལོ་གསར་དགའ་སྤྲོས་བསུས། །
ས་ཡི་གོ་ལར་དྲིན་ཅན་ཉི་མས་སྐོར་བ་ལན་གཅིག་བསྐོར་དང་ལྷན། །
ཤ་མདོག་གཟུགས་དབྱིབས་མ་གཅིག་ཀུན་གྱིས་རང་སྲོལ་ལོ་གསར་གཏོང་བའི་ཚེ། །
ལ་ཀླུང་ཁམས་གཙང་དོ་ཟླ་བྲལ་བ་ཁ་བའི་ལྗོངས་ཀྱི་ཞིང་པས་ཀྱང་། །
ར་སྐྱོར་དང་བཅས་ཁང་པའི་ཕྱི་ནང་གཙང་སྦྲས་རྟེན་འབྲེལ་ཐོག་མ་བསུས། །
ཡ་རབས་གུས་ལུགས་དར་སྲོལ་མ་ཉམས་བགྲེས་སོང་རྣམ་པར་གོས་གསར་བསྒྲོན། །
འ་ཅག་ཁྱིམ་འཛིན་སྐྱེད་མ་རྣམ་པས་གནག་སྣུམ་ཤད་མའི་ན་བཟའ་བཞེས། །
ཟ་མ་ཏོག་གི་ནང་དུ་ཉར་བའི་གསེར་གྱི་གའུ་མགུལ་དུ་དཔྱངས། །
ཞྭ་གོས་ཚོས་མདོག་བཟོ་ལྟ་སྣ་ཚོགས་ནང་མིའི་གོས་གསར་མེ་ཏོག་བཞད། །
ཝ་ལོང་ཐོས་འཛིན་བུ་གའི་རྒྱན་དུ་ཐོགས་པའི་ཁྱིམ་མཚེས་ཕ་རྒན་ཚོས། །
ཛ་དྲག་མིན་པའི་གོམ་སྟབས་ལྷིང་པོས་ཁྱིམ་མཚེས་ཕན་ཚུན་ཕྱེ་མར་བཏེགས། །
ཚ་གྲང་ནད་ཀྱི་གདུང་བ་བྲལ་བའི་སྨོན་འདུན་བཟང་པོའི་འཚམས་འདྲི་ཞུས། །
ཙ་ན་ནམ་ཡང་འགྱུར་མེད་བརྟན་པ་ཁྱིམ་མཚེས་མཐུན་པའི་དམ་བཅའ་བཞག །
མ་རྒན་རྣམ་པས་ཞལ་ལག་དང་ནི་བདུད་རྩིའི་སྟོན་མོ་གང་སར་བཤམས། །
བ་སྤུ་དག་ཀྱང་ཅིག་ཅར་འགུལ་བའི་ཞིམ་ཟས་མང་བས་འགྲམ་ཆུ་ལྡང་།
ཕ་རོལ་ཞིང་གྲོང་གང་དུ་བལྟས་ཀྱང་ཁང་བཟང་དར་ལྕོག་རྒྱན་གྱིས་མཆོར། །
པ་ཏྲའི་རིས་སོགས་དགེ་ཚོགས་འདུ་བའི་རྒྱན་རིས་དུ་མས་ཁང་བཟང་བཀང་། །
ན་གཞོན་ཕོ་མོས་ལང་ཚོའི་མཆོར་སྒེག་ཕན་ཚུན་འགྲན་བཞིན་སྙན་པའི་གླུ། །
ད་ལོ་ན་ནིང་ལས་ཀྱང་ལྷག་པའི་བདེ་སྐྱིད་ལྡན་ཞེས་བླངས་པའི་ཚེ། །
ཐ་གྲུ་ཡངས་པའི་ཞིང་དང་རི་ཤུར་ཕྱོགས་ཀུན་འཁྲུག་ཆ་དོད་གྱུར་ཅིང་། །
ཏ་ལའི་ལ་མོའི་རྩེ་ནས་བླངས་ཞེས་རྣམ་ཐར་ལྷ་མོའི་གར་དང་འགྲོགས། །
ཉ་གང་ཟླ་བའི་དཔེ་ཟླར་འཇོག་པའི་སོ་ནམ་ཞིང་གྲོང་ཕྱུག་པས་ན། །
ཇ་མར་ཤ་ཆང་འདོད་རྒུས་མྱོས་འདི་ལོ་གསར་སྟོན་མོ་ཙམ་མིན་ཏེ། །
ཆ་ཤས་མིན་པར་ཀུན་གྱི་ངག་ནས་དུས་བབ་བཟང་པོའི་དྲིན་ཡིན་ཞེས། །
ཅ་ཅོའི་དགའ་འབོད་ཤིས་ཚིག་དབྱངས་ལྡན་གླིང་ལྔ་མཚོ་བཞིར་ཁྱབ་པར་གྱུར། །
ང་རང་ལྟེ་ཁྲག་འཕོ་བའི་གནས་མཆོག་སོ་ནམ་ཞིང་གྲོང་ད་ལྟའི་ཆར། །
ག་ནས་བསམས་ཀྱང་ཐོག་བརྩེཊ་མང་བའི་གྲོང་ཁྱེར་ལས་ཀྱང་སྐྱིད་དུས་འདིར། །
ཁ་བཏཊ་དཀར་གཙང་ལེགས་ཚོཊ་ཀུན་འདུ་ལག་ཟུང་གཉིས་པོས་དགུང་དུ་འཕྱར། །
ཀ་རྩོམ་རྨད་བྱུང་གར་ལ་རོལ་ཏེ་དགུང་གསར་ཐུགས་སྤྲོ་སྐྱིད་པར་སྨོན། །
འབྲེལ་ཡོད་གསར་འགྱུར།