དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་གསར་འགྱུར་ལོ་ཙཱ་ལས་ས་མིང་ལོ་ཙཱར་ཅུང་ཟད་དཔྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་བུ་ཆུང་།   |     སྤེལ་དུས།  2026-01-16

    དེ་ཡང་ཡུལ་ལམ་གནས་ནི་གསར་འགྱུར་རྩོམ་ཡིག་གི་གྲུབ་ཆ་ལྔའི་ཡ་གྱལ་ཞིག་ཡིན་སྟབས། རྒྱ་བོད་གསར་འགྱུར་ལོ་ཙཱའི་བརྒྱུད་རིམ་ཁྲོད་དུ་ས་མིང་གི་ལོ་ཙཱ་ནི་གཡོལ་ཐབས་མེད་པར་ཤ་ལ་རྒྱུས་པ་བཞིན་དུ་འཕྲད་འོངས། མ་གཞི་གསར་འགྱུར་རྩོམ་ཡིག་ཅིག་ཏུ་ས་མིང་གིས་ཟིན་པའི་ཡིག་ཚོགས་ནི་ཆེས་ཉུང་ཞིང་། ཡིག་འབྲུ་སྟོང་ཚོ་བྱས་པའི་གསར་འགྱུར་རྩོམ་ཡིག་ཏུ་ས་མིང་རྐྱང་པ་གཅིག་ལས་མི་ཐོན་པའི་སྣང་ཚུལ་ཡང་རྒྱུན་པར་འཕྲད་སྲིད་མོད། འོན་ཏེ། ས་མིང་རྐྱང་པ་དེ་ནི་གསར་འགྱུར་གང་དེའི་མིག་ལྟ་བུའམ་ཀློག་པ་པོས་གསར་འགྱུར་གང་དེར་ལྟ་བའི་སྒོ་ལྟ་བུ་ཡིན་པས། དེ་ནི་ཡིག་ཚོགས་མང་ཉུང་ལ་བལྟོས་ནས་གལ་ཆེ་གལ་ཆུང་གི་རིན་ཐང་འཇལ་བའི་དངོས་མ་ཡིན་པར། དཀོན་པོ་རྩ་ཆེའི་འདུ་ཤེས་བསྐྱེད་དགོས་པའི་ཆོས་ཡིན་གཤིས། གསར་འགྱུར་ལོ་ཙཱ་བས་ས་མིང་གང་དེར་སྣང་ཆེན་སྒོས་ལོ་ཙཱ་བྱེད་པ་ལས་ཁྱད་གསོད་དང་སྣང་ཆུང་གི་བསམ་པ་གཏན་ནས་ཞུགས་མི་རུང་ངོ་སྙམ། འདིར་གུས་པས་རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་དངོས་དང་འབྲེལ་ནས་ས་མིང་ལོ་ཙཱར་གྲོས་འདེབས་ཚུལ་གྱིས་ཅུང་ཟད་དཔྱད་པར་བྱ།

    དང་པོ། ས་མིང་ལོ་ཙཱའི་རྩ་དོན་དང་ཐབས་གྲོས་སུ་འདེབས་པ།

    ས་མིང་ནི་མིང་གི་བྱེ་བྲག་ཅིག་ཡིན་པའི་ཆ་ནས། སྤྱིར་དོན་གྱི་ངོ་བོ་སྟོན་པ་ཞིག་ལགས་ཤིང་། སྒོས་སུ་སྤྱི་ཚོགས་ཀྱི་འབྲེལ་འདྲིས་ལག་ཆ་ཞིག་གི་ཆར་གཏོགས་པར་བཤད། སྐད་བརྡ་རིག་པ་སྨྲ་བས། ས་མིང་ནི་སྒྲ་དོན་གཟུགས་གསུམ་ལྡན་པའི་མིང་གི་ཁོངས་སུ་འདུ་བ་དང་། དེས་ཆེད་སྤྱོད་མིང་གི་ཆ་ནས་གཞན་གྱིས་ཚབ་བྱེད་མི་ནུས་པའི་ས་ཆ་དམིགས་བཀར་ཞིག་བསྟན་པ་ཕུད། ད་དུང་ཚིག་ངོས་རྐྱང་པས་དོན་གཞན་བསྟན་ནུས་པར་བཤད། དཔེར་ན། “ལྷ་ས”ཞེས་པའི་ས་མིང་གིས་ཆེད་སྤྱོད་མིང་གི་ཆ་ནས་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་བསྟན་པ་དང་། ཚིག་ངོས་རྐྱང་པ་ལས་ལྷ་ཡུལ་ལྟ་བུའི་སའམ་གནས་བསྟན་པ་ལྟ་བུའོ། སྐབས་འདིར་འཆད་པར་བྱ་བའི་ས་མིང་ལོ་ཙཱ་ནི་གང་དེའི་ཆེད་སྤྱོད་མིང་གི་ངོ་བོ་དམིགས་སུ་བཟུང་པའོ།

    གཅིག ས་མིང་ལོ་ཙཱའི་རྩ་དོན།

    ལས་ཅི་ཞིག་རུང་དེ་ཇི་ལྟར་སྒྲུབ་པའི་རྩ་དོན་ནམ་ཚད་གཞི་མེད་ན་དེ་ཉིད་ཟང་ཟིང་འབའ་ཞིག་གི་ཚུལ་དུ་འགྱུར་རྒྱུ་ལས་མ་འདས། ལོ་ཙཱ་རིག་པ་མ་གྲུབ་གོང་གི་ལོ་ཙཱའི་ལོ་རྒྱུས་ལ་ཕྱིར་རྟོག་བགྱིས་ཚེ། རྩ་དོན་ནམ་ཚད་གཞི་མེད་པའི་དབང་གིས་ལོ་ཙཱ་ཞེས་བྱ་བའི་ལས་ཚན་འདི་ཅུང་ཟད་ཟང་ཟིང་དང་གཅིག་གྱུར་མེད་པའི་གནས་བབ་ཏུ་ལྷུངས་པ་ནི་སྤྱིར་ན་རྒྱལ་ཁབ་དང་མི་རིགས་གང་ཡིན་ལ་མ་བལྟོས་པར་ཆ་འདྲ་བར་སྣང་། མིའི་རིགས་ཀྱི་དཔལ་ཡོན་གོང་དུ་འཕེལ་བ་དང་། མི་རིགས་དང་རྒྱལ་ཁབ་ཕན་ཚུན་དབར་གྱི་སྤེལ་རེས་ཀྱང་ཟབ་ཏུ་སོང་བ་དང་བསྟུན་ནས་ལོ་ཙཱའི་དགོས་མཁོ་དང་ནུས་པའང་དེ་མཚུངས་ཀྱིས་འཕེལ་སྟབས། རིམ་གྱིས་ལོ་ཙཱའི་ལས་སྒོར་གཙིགས་མཐོང་གིས་ལོ་ཙཱ་རིག་པ་ཞེས་བྱ་བའི་རིག་ཚན་ཞིག་ལོགས་སུ་གྲུབ་པ་དང་། དེ་འབྲེལ་གྱི་རིགས་པ་དང་གཞུང་ལུགས་གཅིག་རྗེས་གཉིས་མཐུད་དུ་ཐོན་ནས་རིག་ཚན་དེ་ཉིད་སྔར་བས་འཐུས་ཚང་དང་ཚད་ལྡན་དུ་གྱུར་བ་ལགས། འཐུས་ཚང་དང་ཚད་ལྡན་དུ་གྱུར་པའི་ལོ་ཙཱའི་གཞུང་ལུགས་ནི་ལོ་ཙཱའི་ལག་ལེན་གྱི་མཛུབ་སྟོན་དང་ཚད་གཞི་ཡིན་སྟབས། ལོ་ཙཱ་བས་ཅིས་ཀྱང་བརྩི་སྲུང་ཞུ་དགོས། སྐབས་བབ་ཀྱི་ས་མིང་ལོ་ཙཱའི་ཆ་ནས་བཤད་ན། ལོ་ཙཱ་བས་གང་དགའ་གང་འདོད་དུ་བསྒྱུར་ཆོག་པ་ཞིག་མིན་པར་ཡིན་ཅིག་ལོ་ཙཱའི་གཞུང་ལུགས་ལས་བསྟན་པའི་རྩ་དོན་གཙིགས་སུ་བཟུང་དགོས།

    དེ་ཡང་། 《སྐད་གཉིས་སྨྲ་བའི་རིན་ཆེན་བང་མཛོད》དུ“ཡིག་རིགས་གཞན་གྱི་ལོ་ཙཱའི་ལག་ལེན་ཁྲོད་དུ་ས་མིང་ལོ་ཙཱ་ནི་སྤྱིར་ན‘མིང་ནི་བདག་པོའི་རྗེས་འབྲངས་བྱ། ས་མིང་གོམས་ཆགས་བཞིན་དུ་བྱ’ཞེས་པའི་སྡོམ་ཚིག་འདི་ས་མིང་ལོ་ཙཱའི་རྩ་དོན་དུ་བཟུང་གི་ཡོད”ཅེས་བསྟན་པ་ལྟར། རྒྱ་བོད་ལོ་ཙཱ་སྤྱི་ཙམ་མ་ཟད། བྱེ་བྲག་གསར་འགྱུར་ལོ་ཙཱའི་ཁྲོད་ཀྱི་ས་མིང་ལོ་ཙཱས་གོང་གི་སྡོམ་ཚིག་འདི་ཉིད་རྩ་དོན་དུ་བཟུང་དགོས་པར་སྙམ། དེ་ཡིན་ཏེ། ས་མིང་ནི་མིང་གི་ཆ་ཤས་ཤིག་ཡིན་པའི་ཆ་ནས། “མིང་ནི་བདག་པོའི་རྗེས་འབྲངས་བྱ”ཞེས་པའི་མིང་གི་ལོ་ཙཱ་སྤྱི་ལ་ཁྱབ་པའི་རྩ་དོན་དེ་ཉིད་སྲུང་དགོས་པ་སྨོས་མེད་ལགས་ཤིང་། ས་མིང་གྲུབ་པའི་ལོ་རྒྱུས་རིག་གནས་དང་གྲུབ་ཟིན་པའི་ས་མིང་གི་གཏན་འཇགས་རང་བཞིན་སོགས་ཀྱི་ཁྱད་ཆོས་དབང་གིས“ས་མིང་གོམས་ཆགས་བཞིན་དུ་བྱ”ཞེས་པའི་རྩ་དོན་བརྩི་སྲུང་ཞུ་དགོས།

    གཉིས། ས་མིང་ལོ་ཙཱའི་ཐབས།

    དེ་ཡང་ལོ་ཙཱ་བ་ཀུན་གྱི་མཁྱེན་ཆོས་ལྟར། རྒྱ་བོད་ལོ་ཙཱ་སྤྱི་དང་ཡང་སྒོས་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་ས་མིང་ལོ་ཙཱར་སྤྱིར་ན་སྒྲ་སྒྱུར་གྱི་ཐབས་སྤྱོད་པའོ། ཐབས་ལམ་འདི་ནི་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ཀྱི་ཕྱི་མོ《སྒྲ་སྦྱོར་བམ་པོ་གཉིས་པ》ལས“ཡུལ་དང་། སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་བ་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག”ཅེས་བསྟན་པའི་དགོངས་དོན་ཟབ་མོ་ཕྱིས་ཀྱི་རྒྱ་བོད་ལོ་ཙཱའི་ལག་ལེན་ཁྲོད་དུ་རྒྱུན་བསྐྱངས་པ་ཞིག་ཡིན་པར་སྙམ་ཞིང་། 《རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་ལས་བྱུང་བའི་ས་མིང་རྒྱ་ཡིག་ཏུ་སྒྱུར་ཐབས》ཞེས་པའི་དཔྱད་རྩོམ་དུ། “གྲངས་ཉུང་མི་རིགས་ཀྱི་ཡི་གེ་ལས་བྱུང་བའི་ས་མིང་རྒྱ་ཡིག་ཏུ་སྒྱུར་སྐབས། སྒྲ་སྒྱུར་དང་དོན་སྒྱུར་གྱི་ཐབས་གཉིས་རང་ཡིན་ཞིང་། སྤྱིར་ཆེད་མིང་སྒྲ་སྒྱུར་དང་གང་ལ་གཏོགས་པའི་སྤྱི་མིང་དོན་སྒྱུར་རམ་སྒྲ་དོན་ཟུང་སྒྱུར་བྱེད་པ་རྩ་དོན་དུ་བཟུང་དགོས”ཞེས་བསྟན་པ་ནི་རྒྱ་བོད་ས་མིང་སྒྱུར་བའི་ཐབས་ཤེས་སྔར་བས་གསལ་བར་བསྟན་པར་སེམས།

    ཉེ་སྐབས་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་དུ་ས་མིང་སྒྱུར་སྐབས་སྤྱིར་ན་ས་མིང་གི་ཆེད་མིང་ནི་མཐའ་གཅིག་ཏུ་སྒྲ་སྒྱུར་བྱེད་པ་ཡིན་ཞིང་། སྒྲ་སྒྱུར་དེ་ཡང་རྩ་བའི་ཆ་ནས་གོང་དུ་བསྟན་པའི་རྩ་དོན་དང་ཐབས་ཤེས་གཞིར་བཟུང་ནས་བསྒྱུར་བ་ཡིན་པ་ལས་ལོ་ཙཱ་བ་རང་ངོས་ཀྱི་ཐབས་དང་རྩལ་བཏོན་པ་སྤྱིར་ན་མེད་མོད། འོན་ཏེ། བོད་ལྗོངས་དང་བོད་འབྲེལ་གྱི་ས་ཁུལ་ཁག་གི་ཡུལ་ལུང་སོ་སོའི་སྐད་གདངས་ཀྱི་ཁྱད་པར་ལས། ས་མིང་སྒྲ་སྒྱུར་བྱས་པའང་གཅིག་གྱུར་མེད་པའི་སྣང་ཚུལ་མཆིས་ཏེ། དཔེར་ན། “北京”ལ“པེ་ཅིན”དང“པེ་ཅིང”ཞེས་འབྲི་སྲོལ་གཉིས་ཡོད་པ་ལྟ་བུའོ། རྒྱ་བོད་ལོ་ཙཱ་སྤྱི་དང་ཡང་སྒོས་གསར་འགྱུར་ལོ་ཙཱའི་ཁྲོད་དུ་ས་མིང་ལོ་ཙཱའི་སྒྲ་སྒྱུར་ལ་དེ་ལྟར་སྒྲ་སྒྱུར་ཡིན་པ་གང་ཞིག་ལ་སྒྲ་མི་འདྲ་བ་ལས་བསྐྱེད་པའི་ཡི་གེའི་གཟུགས་མི་འདྲ་བ་མང་དུ་མཆིས་མོད། སྐབས་འདིར་རེ་རེ་བཞིན་དཔེར་དྲངས་བའི་ངལ་བ་མ་བསྟེན་ནོ།

    གཉིས་པ། ས་མིང་ལོ་ཙཱ་དང་འབྲེལ་བའི་གནད་དོན་འགའ།

    གཅིག ས་མིང“ཕན་ཚུན་སྒྲ་སྒྱུར”གྱི་གནད་དོན།

    དེ་ཡང་གོང་དུ་གླེང་གཞིའི་ནང་བརྗོད་པ་ལྟར། ས་མིང་ནི་གསར་འགྱུར་རྩོམ་ཡིག་ཅིག་གི་མིག་ལྟ་བུ་ཡིན་པས། རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་ས་མིང་གི་ལོ་ཙཱ་མ་དག་ཚེ། གསར་འགྱུར་གང་དེའི་ནུས་པ་ཉམས་འགྲོ་བ་སྨོས་མི་དགོས་ལ། དེ་བས་ས་མིང་ལས་བསྐྱེད་པའི་རིག་གནས་ཤིག་ཉམས་འགྲོ། དཔེར་ན། གཙོད་ཀྱི་ཕ་སར་གྲགས་པའི་ཨ་ཆེན་གངས་རྒྱབ་ལ་རྒྱ་སྐད་དུ“可可西里”ཞེས་སོག་སྐད་ཀྱི་མིང་དེ་སྒྲ་སྒྱུར་བྱས་ནས་སྤྱོད་མོད། བོད་སྐད་དུ་ཨ་ཆེན་གངས་རྒྱབ་ཅེས་བོད་ཀྱི་རིག་གནས་ལས་བསྐྱེད་པའི་མིང་ཞིག་ཡོད་པས། དེ་ཉིད་བོད་ཡིག་ཏུ་སྒྱུར་སྐབས། ཨ་ཆེན་གངས་རྒྱབ་ཅེས་སུ་བསྒྱུར་དགོས་ཀྱང་། དང་ཐོག་ལོ་ཙཱ་བས་སྣང་ཆུང་ཤོར་ནས་ཁུ་ཁུ་ཤི་རི་ཞེས་སོག་སྐད་རྒྱ་སྐད་དུ་སྒྲ་སྒྱུར་བྱས་པ་དེ་ཡང་བསྐྱར་བོད་སྐད་དུ་ཕན་ཚུན་སྒྲ་སྒྱུར་བྱས་པ་དང་། ཕྱིས་ཀྱི་ལོ་ཙཱ་བ་མང་པོ་དེའི་རྗེས་སུ་འབྲངས་ནས“可可西里”ལ་ཁུ་ཁུ་ཤི་རི་ཁོ་ནར་བསྒྱུར་སྟབས། ཨ་ཆེན་གངས་རྒྱབ་ཅེས་པའི་བོད་སྐད་ཀྱི་ཐ་སྙད་དག་མ་གང་འདིའི་སྤྱོད་རྒྱ་རིམ་གྱིས་ཆུང་དུ་ཕྱིན་ནས། མཐར་མིང་གི་ལྷག་མར་གྱུར་བའི་ཉེན་ཁ་ཆེ་བའོ། འདི་ནི་ས་མིང་སྒྲ་སྒྱུར་བྱེད་སྐབས། ལོ་ཙཱ་བའི་བསམ་གཞིག་གི་རྒྱུན་མ་ཡིག་གི་འཆིང་རྒྱ་ལས་མ་ཐར་བར་ཐད་ཀར་ཕན་ཚུན་སྒྲ་སྒྱུར་བྱས་པའི་སྐྱོན་ཡིན་ཞིང་། དེ་ལས་རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་སྐབས་ས་མིང་ལོ་ཙཱའི་གནད་དོན་འཕྲད་ཕྱིན། ལོ་ཙཱ་བའི་བསམ་གཞིག་གི་རྒྱུན་བུ་ཡིག་གི་པང་དུ་ལོག་སྟེ། བུ་ཡིག་གི་རིག་གནས་སྣང་ཚུལ་གྱིས་ལོ་ཙཱའི་ལག་ལེན་ལ་མཛུབ་སྟོན་བྱེད་དགོས་པར་སེམས།

    གཉིས། སྒྲ་སྒྱུར་ཐལ་དྲགས་པའི་གནད་དོན།

    སྔོན་ཆད་དང་བསྡུར་ན་གྲངས་གཞི་ཆེན་པོའི་དུས་རབས་འདིས་ལོ་ཙཱ་བར་སྟབས་བདེ་མང་དུ་བསྐྲུན་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་མོད། འོན་ཏེ། ལོ་ཙཱའི་སྤུས་ཚད་གོང་མཐོར་གཏོང་བར་གྲངས་གཞི་ཆེན་པོས་སྦྱར་བའི་མཐུན་རྐྱེན་ནི་ལྷན་ཅིག་བྱེད་རྐྱེན་ཙམ་དུ་ཟད་ཀྱི། ལོ་ཙཱ་བའི་འགན་སེམས་དང་ཀུན་སློང་རྣམ་དག་ནི་གང་དེའི་ཉེར་ལེན་གྱི་རྒྱུ་རུ་མཐོང་།

    སྐབས་བབ་ཏུ་བཤད་པར་བྱ་བའི་ས་མིང་གི་ལོ་ཙཱའི་སྤུས་ཚད་ཀྱང་དེ་ལས་མ་འདས་ཏེ། གལ་སྲིད་ལོ་ཙཱ་བས་འགན་སེམས་ཆེན་པོ་ཞིག་དང་ཀུན་སློང་རྣམ་དག་ཅིག་བཟུང་ནས། ས་མིང་ལོ་ཙཱའི་རྩ་དོན་དང་ཐབས་ལམ་སེམས་ལ་བརྣགས་ཏེ་ལོ་ཙཱའི་བགྱི་སྒོར་ཞུགས་ན། བསྒྱུར་བའི་ས་མིང་དེ་ཡང་ས་མིང་དངོས་དང་འཕྲོད་པ་ཞིག་འབྱུང་མོད། དེ་ལས་ལྡོག་ན་ནི་ལོ་ཙཱ་བྱས་པའི་ས་མིང་དེ་ས་ཆ་གང་དེའི་མིང་དངོས་དང་གའུ་ཁ་སྦྱར་ཡོང་རྒྱུ་ལྟ་ཞོག ས་ཆ་གང་དེར་ལོ་ཙཱ་བས་མིང་གསར་པ་ཞིག་བཏགས་ནས་ཡུལ་གཅིག་མིང་མང་གི་ཚུལ་དུ་གྱུར་ཏེ། གསར་འགྱུར་ལོ་ཙཱ་བྱས་པ་ངལ་བའི་རྒྱུ་རུ་ཟད། སྒྱུར་སྐྱོན་དེ་རིགས་ནི་སྤྱིར་ན་གཏན་འཇགས་ཀྱི་སྲིད་འཛིན་ས་ཆའི་མིང་སྒྱུར་སྐབས་ཐོན་པ་ཉུང་ཉུང་ཡིན་མོད། འོན་ཏེ། གླིང་ཁུལ་དང་ཚོང་ར་སོགས་གནས་དང་ཡུལ་གསར་པའི་མིང་སྒྱུར་སྐབས་ཐོན་ཉེན་ཆེ་སྟེ། དཔེར་ན། ལྷ་ས་ཁུལ་དུ་ཡོད་པའི་ས་མིང“力泰广场、 瑞吉度假酒店 、恩惠苑 ”ལྟ་བུ་སྒྲ་སྒྱུར་བྱས་ན་རེ་རེ་བཞིན་དུ“ལི་ཐའེ་ཐང་ཆེན་དང་། རུའེ་ཅི་སྤྲོ་གསེང་ཨར་ཁང་། ཨེན་ཧུའེ་གླིང”བཅས་ཡིན་མོད། དོན་དུ་གནས་དེ་དག་གི་བོད་ཡིག་གི་མིང་མཐའ་གཅིག་ཏུ་སྒྲ་སྒྱུར་མ་བྱས་པར“ལེགས་བརྟན་ཐང་ཆེན་དང་། རེག་སྐྱིད་སྤྲོ་གསེང་ཨར་ཁང་། དྲིན་སྐྱོང་གླིང”ཞེས་སྒྲ་དོན་ཟུང་སྒྱུར་རམ་དོན་སྒྱུར་བྱས་ཡོད། གལ་སྲིད་ལོ་ཙཱ་བས་རྒྱ་ཡིག་གི་ས་མིང་ཇི་བཞིན་སྒྲ་རང་སོར་བཞག་ཚེ། ས་མིང་གང་དེར་བོད་ཡིག་གི་མིང་གཉིས་ཐོན་ནས་འཁྲུལ་བའི་གཞིར་གྱུར་པར་སེམས།

    གསུམ། གང་ལ་བྱ་བའི་སྤྱི་མིང་བླ་རུ་སྣོན་དགོས་དང་མི་དགོས་ཀྱི་གནད་དོན།

    དེ་ཡང《སྒྲ་སྦྱོར་བམ་པོ་གཉིས་པར》ལོ་ཙཱའི་གནས་སྐབས་ཅི་ཞིག་གི་སྐབས་སུ་གང་ལ་བྱ་བའི་སྤྱི་མིང་བླ་རུ་སྣོན་དགོས་མིན་གསལ་བར་བསྟན་ཡོད་མོད། འོན་ཀྱང་། དེང་སྐབས་རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་དེ་ལྟའི་དགོངས་དོན་ལ་གོ་བ་གསལ་པོ་མ་ལོན་པའམ་མ་ཡིག་ལ་བསྟུན་ཐལ་ཆེ་ནས། སྤྱི་མིང་བླ་རུ་སྣོན་མི་དགོས་པར་ཨུ་ཚུགས་ཀྱིས་བསྣན་པའི་སྣང་ཚུལ་ཞིག་མཆིས་པ་དཔེར་ན། བར་སྐོར་ཁྲོམ་གཞུང་དང་། རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ཞེས་པའི་ས་མིང་གི་ཁྲོམ་གཞུང་དང་སྤྱི་གླིང་ལྟ་བུའོ། སྣང་ཚུལ་དེ་རིགས་ནི་ལོ་ཙཱའི་གཞུང་ལུགས་ལ་སྦྱངས་པ་དམན་པའི་རྗེས་སུ་མཐོང་སྟེ། དེ་ནི་བར་སྐོར་དང་རྫོང་རྒྱབ་ཀླུ་ཁང་ལྟ་བུ་བོད་ཡུལ་གྱི་ས་མིང་རྒྱ་ཡིག་ཏུ་སྒྱུར་སྐབས། སྒྲ་སྦྱོར་བམ་གཉིས་ཀྱི་དགོངས་དོན་བཞིན་སྒྲ་རང་སོར་བཞག་ནས་གང་ལ་བྱ་བའི་མིང་བླ་རུ་བསྣན་ཏེ་གོལ་ས་ལས་གཡོལ་བ་ཡིན་མོད། ལོ་ཙཱ་བས་དེ་དོན་མ་རྟོགས་པར་བོད་ཡིག་ཏུ་དེ་དེ་བཞིན་དུ་བསྒྱུར་བའོ།

    གཞན་དུ་ན། ཡུལ་གཞན་གྱི་ས་མིང་བོད་ཡིག་ཏུ་སྒྱུར་སྐབས་སྒྲ་རང་སོར་བཞག་ཕྱིན་དེའི་གོང་དུ་གང་ལ་བྱ་བའི་སྤྱི་མིང་སྣོན་དགོས་མོད། དེང་སྐབས་རྒྱ་བོད་གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་དུ་ཡུལ་གཞན་གྱི་ས་མིང་སྒྲ་རང་སོར་བཞག་པའི་གོང་དུ་སྤྱི་མིང་མི་སྣོན་པའི་སྣང་ཚུལ་མཆིས་ཏེ། དཔེར་ན། གསར་འགྱུར་གང་ཞིག་གི་འབྱུང་ཁུངས་བསྟན་པའི་སྐབས་སུ་རྒྱལ་ནང་གི་ས་མིང་སྒྲ་སྒྱུར་བྱས་པ་སྤྱིར་གང་ལ་བྱ་བའི་སྤྱི་མིང་མི་སྣོན་པ་དང་། ཕྱི་རྒྱལ་གྱི་ས་མིང་སྒྲ་སྒྱུར་བྱས་པར་གང་ལ་བྱ་བའི་སྤྱི་མིང་བསྣན་དང་མ་བསྣན་ཅི་རིགས་མཆིས་པ་ལྟ་བུའོ།

    ཁོ་བོ་ལྟར་ན། ས་མིང་ནི་གསར་འགྱུར་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པས། ཀློག་པ་པོར་གསར་འགྱུར་གང་དེའི་འབྱུང་སའི་ཁུངས་སམ་ཐོན་སའི་ཡུལ་གསལ་བར་སྟོན་ཆེད། སྤྱིར་ཡུལ་གཞན་གྱི་ས་མིང་གི་སྔུན་དུ་གང་ལ་བྱ་བའི་སྤྱི་མིང་སྣོན་དགོས་པར་སེམས་ཤིང་། ལར་གྲགས་པ་ཆེ་བའི་ས་མིང་པེ་ཅིང་དང་ཧྲང་ཧའེ་ལྟ་བུར་གྲོང་ཁྱེར་ཞེས་བྱའི་སྤྱི་མིང་མ་བསྣན་པས་ཆོག་ཀྱང་། བསྣན་པའི་ཕན་ནུས་ནི་མ་བསྣན་པ་ལས་ལྷག་པར་འདོད་ཅིང་། དེ་བས་ཕྱི་རྒྱལ་གྱི་ས་མིང་དག་ལ་ནི་གང་ལ་བྱ་བའི་སྤྱི་མིང་ངེས་པར་དུ་སྣོན་དགོས་པར་སྙམ་སྟེ། གཅིག་ནས་ས་མིང་ལོ་ཙཱའི་གཞུང་ལུགས་ལས་དེ་ལྟར་བསྟན་པ་དང་། གཉིས་ནས་བོད་ཡིག་གསར་འགྱུར་ཀློག་པ་པོའི་དངོས་ཡོད་ཀྱི་དགོས་མཁོ་དང་འཚམ་པས་སོ།

    མདོར་ན། ས་མིང་ནི་ཆེད་སྤྱོད་ཀྱི་མིང་ཞིག་ཡིན་པའི་ཆ་ནས། གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་ས་མིང་ལོ་ཙཱ་ནི་ནོར་དང་འཁྲུལ་བ་འབྱུང་མི་རིགས་པ་ཞིག་ཡིན་པ་དང་། ས་མིང་ནི་སྐད་བརྡ་དང་། ལོ་རྒྱུས། རིག་གནས་སོགས་གཅིག་ཏུ་འདུས་པའི་གོང་བུ་ཞིག་ཡིན་པའི་ཆ་ནས། གསར་འགྱུར་ལོ་ཙཱའི་ལག་ལེན་ཁྲོད་ས་མིང་ལོ་ཙཱ་ནི་སྣང་ཆུང་བྱེད་མི་རུང་བ་ཞིག་ཡིན་སྟབས། གལ་པོ་ཆེ་ལ་ནན་ཏན་གྱི་འདུ་ཤེས་བཟུང་ནས་རྒྱ་བོད་གསར་འགྱུར་ལོ་ཙཱ་ལས་ས་མིང་ལོ་ཙཱར་ཅུང་ཟད་དཔྱད་ཁུལ་ལགས་ཀྱང་སྐྱོན་གྱི་ཕུང་པོ་ཐང་མར་བརྡལ་བ་དང་གཉིས་སུ་མེད་པས་ཀུན་ནས་སྐྱོན་བརྗོད་གནང་རོགས་ཞུའོ།།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།