སེ་ལེན།
བཙན་རྒོད།
སེ་ལེན། མཚན་མོ་བདེ་ལེགས། ད་བར་སྐུ་གཟུགས་གསལ་ཐང་ཡིན་ནམ། དངོས་གནས་སེམས་གཏིང་གི་སྐད་ཆ་མང་པོ། སྔ་ས་ནས་བརྗོད་འདོད་ཀྱིས་རས་ཁུག་ནང་གསོག་འཇོག་བྱས་ཀྱང་། ཁ་ལྐུགས་ཤིང་བློ་ཁོག་མེད་པས་སྔ་ས་དེ་རང་དུ་རུལ་ཚར་འདུག་མ་གཏོགས། ཁྱེད་ལ་བརྗོད་འདོད་ཀྱི་སྣུམ་ཚིལ་ཚིལ་གྱི་སྙིང་གཏམ་མང་པོར། ངས་མར་དང་། ཕྱུར་ཞིབ་བརྒྱབ་ནས་ཉར་ཡོད་ཨང་།
སེ་ལེན། ཁྱེད་གཟིམས་ཚར་རམ། མགོ་བོ་སྔས་མགོར་བཞག་ཚར་ནའང་། ཡིད་ཀྱི་དྲན་པ་ཤུགས་ཆེ་དྲགས་རྐྱེན། སེམས་ཀྱི་རྟ་ཕོ་སྲབ་ཁས་མ་ཟིན་ལ། ཕྱག་སོར་ལ་སྡོད་ཚུགས་མེད་པར། འཕྲིན་ཡིག་དག་ལ་བཟོ་བཅོས་དང་ཞུ་དག་གཏོང་བཞིན་ཡོད། འོ་རེད། སེ་ལེན། ངའི་སྔས་མགོར་སྦས་པའི་འཕྲིན་ཡིག་དག་མིག་ཆུས་བརླན་ནས་ཟུབ་ཨེ་འགྲོ།
འུར་ཟིང་གི་གྲོང་ཁྱེར་འདིའི་དགུན་གཞུང་། སླར་ཡང་གྲང་ཟུག་ཆེ་རུ་སོང་ནས་ཟུག་རྔུ་སྟེར། སྤྲིངས་མ་ནུས་པའི་འཕྲིན་ཡིག་དང་། གཡས་བསྒྲིལ་གཡོན་བསྒྲིལ་དུ་ཉར་ཡང་རུལ་ཚར་བའི་སྙིང་གཏམ་དག་མཐོང་ན། སེ་ལེན། ངའི་འཁྱག་ལ་ཤོར་བའི་སེམས་ཆུང་འདིར། ད་ནི་ཉི་མ་བསྟན་ཡང་བཞུར་དུས་ཤིག་ཨེ་ཡོད། དེ་མ་བྱུང་ཡང་ངས་ཁྱེད་ལ་ཉར་བའི་སྙིང་གཏམ་དག་ལ། བྱི་དོར་དང་གཙང་གསིང་ཞིག་བྱེད་རྒྱུ་བྱུང་ན་དགའ་བ་ལ་ཨང་། སེ་ལེན།
འབྲེལ་ཡོད་གསར་འགྱུར།