ཕ་ཝང་ལ་བགྲོ་བའི་གཏམ།
རིག་འཛིན། (བོད་ལྗོངས་སློབ་ཆེན)
ཕ་མཐའ་ཡས་པའི་ཨ་སྔོན་མཐོན་མཐིང་ངོར། །
འོ་འཐུང་སྲོག་ཆགས་འཕུར་ནུས་གཅིག་ཤོས་མཁན། །
བྱ་གཤོག་བྱི་སོ་མངའ་བའི་ཕ་ཝང་ཀྱེ། །
ལན་གཅིག་བདག་གི་ཕྱོགས་ལ་སྙན་གསོན་དང་། །
འོ་འཐུང་ཁྲོད་ནས་འཕུར་ནུས་གཅིག་པུ་ཞེས། །
མཚན་བཟང་ཀུན་ལ་གྲགས་པ་ངོ་མཚར་ཡང་། །
བྱ་གཤོག་བྱི་སོ་སྟོན་པའི་རྣམ་ཐར་དེས། །
གྲགས་པ་ཉམས་པར་བྱེད་པ་ཨེ་ཤེས་ལགས། །
བྱ་ཡི་གཟན་འབྲུ་བགོ་བཤའ་བགོ་བའི་ཚེ། །
ང་ལ་མ་བྱུང་ཟེར་ཞིང་སྨྲེ་སྔགས་འདོན། །
བྱི་བའི་གཟན་ཆག་ཆ་ཤས་དབྱེ་བའི་དུས། །
ང་ལ་བགོ་རོགས་སྨྲས་ཤིང་ཀུ་ཅོ་བྱེད། །
བྱ་བྱི་གཉིས་ཀའི་ཐོབ་ཆ་ཐོབ་པ་ན། །
སུ་ལའང་ལགས་སོ་ཞུ་བའི་གཏོང་ཕོད་མངའ། །
གཉིས་ཀའི་ཐོབ་ཆ་གང་ཡང་མ་ཐོབ་ཚེ། །
གཉེན་ལའང་དགྲ་རུ་ལྟ་བའི་གདུག་རྩུབ་མཆིས། །
ཐོབ་ཆ་གཅིག་ཐོབ་གཅིག་ཤོས་མ་ཐོབ་དུས། །
སྤྲོད་མཁན་དེ་ལ་དྲིན་འཇལ་བསམ་པས་སྟོངས། །
མི་སྤྲོད་མཁན་ལ་འཁོན་འཛིན་ཆེར་འཛིན་ཏེ། །
ནམ་ཞིག་དུག་རྫས་སྤྱད་ནས་གཞོམ་པར་འདོད། །
འོན་ཏེ་བྱ་ཁྲལ་བསྡུ་དུས་བྱི་སོ་སྟོན། །
བྱི་ཁྲལ་བསྡུས་ཚེ་བྱ་གཤོག་ལེགས་བསྟན་ནས། །
བྱ་བྱིའི་ཁྲལ་ལས་ཐར་བར་རྩོམ་པ་པོ། །
བསམ་ངན་ཕ་ཝང་སྲིད་འདིར་མང་དོན་ཅི། །
བྱ་ཚོགས་བྱི་ཚོགས་དཔུང་གདང་ཤིག་ཤིག་ཏུ། །
རི་གཟར་རྦབ་རྡོ་འདྲ་བར་ཤོར་བའི་ཚེ། །
རང་ལུས་དུག་རྫས་མང་པོས་བྱུགས་པ་ན། །
ཀུན་ཀྱང་ཁྱོད་ལ་འཐབ་པའི་དཔུང་པ་ལྷོད། །
ཁ་ཅིག་དེ་ལྟའི་བསམ་ངན་མ་ཚོར་བས། །
ཁྱོད་ཉིད་ཉལ་བའི་དུས་སུ་བསད་བྱས་ཤིང་། །
ཤ་རྣམས་བཙོས་ཏེ་བཟའ་བར་གྱུར་པ་ན། །
ཁྱོད་ཀྱི་རྗེས་སུ་འབྲང་བའི་སྐལ་ལྡན་གྱུར། །
འདི་འདྲའི་བྱ་བྱེད་ངན་ཞིང་རྟུལ་ཕོད་མཁན། །
སྙན་གྲགས་བ་དན་མཁའ་ལ་གཡོས་གྱུར་ཀྱང་། །
ཀུན་གྱིས་འཛེམ་བྱའི་གནས་ལས་བཀུར་འོས་སུ། །
རུང་བ་སུ་ཡིས་འཛིན་ནམ་ཕ་ཝང་ལགས། །
གཡོ་སྒྱུ་ཁྲམ་གསུམ་མཁས་པའི་ཕ་ཝང་རྣམས། །
གྲོགས་སུ་བསྟེན་པའི་བྱ་སྤྱོད་དེ་འདྲ་བ། །
འཇིག་རྟེན་ཁམས་སུ་འབྱམས་པར་གྱུར་ཚེ་ན། །
རང་གཞན་ཕུང་བའི་སྦྱོར་བ་ལས་གཞན་ཅི། །
དེ་ཕྱིར་བསམ་སྦྱོར་ངན་པས་ཡོངས་གཏམས་ཤིང་། །
གཡོ་ཟོལ་ཆེ་བའི་དུག་ཁུར་ཕ་ཝང་རྣམས། །
རྒྱལ་ཁབ་ཁྲིམས་དང་འཇིག་རྟེན་མི་ཆོས་ཀྱིས། །
གཞུང་དྲང་བཟང་པོའི་ལམ་ལ་འགོད་རེ་རན། །
འབྲེལ་ཡོད་གསར་འགྱུར།