དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་བུའི་བརྩེ་བ།

    གངས་གཡག་དཔལ་ལྷུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-11

    ད་ཐེངས་ཀྱི་གཟའ་མཇུག་ཏུ་རྒན་ལགས་ནས་སློབ་མ་ཚོར་ཕ་མའི་བརྩེ་བ་བརྗོད་བྱར་བྱས་པའི་རྩོམ་ཐུང་ཞིག་འབྲི་བར་སྐུལ་བ་བཞིན་བུས་ཀྱང་། ཕ་བུའི་བརྩེ་བ་ཞེས་ཁ་བྱང་དུ་བྱས་པའི་རྩོམ་ཐུང་ཞིག་འབྲི་འགོ་ཚུགས་སོང་།

    ཐོག་མར་བུས“ངའི་པཱ་ལགས་ནི་འཛམ་གླིང་ཐོག་བཀའ་དྲིན་ཆེ་ཤོས་ཀྱི་རླབས་ཆེན་མི་སྣ་ཞིག་ཡིན”ཞེས་བྲིས་མཚམས། བདག་གི་ལས་རིགས་དང་། ཕྱིའི་རྣམ་པ། བྱད་གཟུགས། གཤིས་རྒྱུད་སོགས་ཇི་མ་ཇི་བཞིན་འབྲི་བར་བརྩམས་པ་ན། གློ་བུར་དུ“པཱ་ལཊ། ངས་པཱ་ལགས་ནས་སློབ་ཚན་ཁྲིད་སྐབས་ཀྱི་སྣང་ཚུལ་ཁག་གཅིག་ལྷན་སྡེབ་ཏུ་བྲིས་ན་འགྲིག་གམ”ཞེས་ཅུང་ཐེ་ཚོམ་དང་སྦྲགས་ནས་དྲིས་བྱུང་།

    ངོ་མ་རེད། ང་རང་ནི་བུའི་འགྲོ་འདུག་སྤྱོད་སོགས་ལ་ལྟ་རྟོག་བྱེད་མཁན་གྱི་ཕ་ཞིག་ཡིན་པ་མ་ཟད། བུའི་ཀུན་སྤྱོད་དང་སློབ་སྦྱོང་ཐད་ལེགས་ཉེས་སློབ་སྟོན་བྱེད་མཁན་གྱི་དགེ་རྒན་ཞིག་ཀྱང་ཡིན། བུའི་གློ་བུར་བའི་དྲི་བ་དེས་ང་རང་རེ་ཞིག་བསམ་གཞིག་གི་དྲ་བར་ཚུད།

    གཅིག

    འཇིག་རྟེན་འདིར་ཕ་མ་སུ་འདྲ་ཞིག་ཡིན་རུང་བུ་ཕྲུག་གི་འཚོ་གོས་དང་སློབ་སྦྱོང་། བདེ་ཐང་སོགས་ལ་སེམས་ཁྲལ་མི་བྱེད་མཁན་ཧ་ལམ་མེད་དེ། ནམ་རྒྱུན་དུ་བུ་ཕྲུག་འཚར་ལོངས་ཡོང་བའི་ཁྲོད། སྐད་ཆ་ཤོད་སྟངས་དང་། ལས་ཀ་བྱེད་སྟངས་སོགས་མི་ཕན་ཚུན་དབར་འབྲེལ་འདྲིས་བྱེད་སྟངས་ཀྱི་རྒྱུན་ཤེས་ཁག་གཅིག་ཁྲིད་སྟོན་བྱ་རྒྱུ་མ་འདང་བའི་སྣང་ཚུལ་མང་པོ་ཐོན་དང་འཐོན་བཞིན་འདུག་སྟེ། བུ་ཕྲུག་སློབ་ཐོན་ཟིན་ན་ཡང་ཡ་རབས་ཀྱི་རྣམ་འགྱུར་སྟོན་མི་ཤེས་ལ། ཕན་ཚུན་དབར་སྐད་ཆ་དག་མ་ཞིག་དེ་བས་ཀྱང་ཤོད་ཐུབ་ཀྱི་མེད་པས། མི་མང་པོས་བུ་ཕྲུག་གིས་མི་འཇོན་མི་ནུས་པའི་ཁ་གཏམ་མང་པོ་བྱུང་རྒྱལ་དུ་གྲགས་པ་ལས། ཕ་མ་རང་ངོས་ཀྱི་གནད་དོན་ལ་བསམ་བློ་གཏོང་མཁན་ཉུང་ཉུང་རེད།

    ནམ་རྒྱུན་བུ་ཕྲུག་ཚོའི་སྦྱོང་ཚན་ལ་ལྟ་སྐུལ་དང་སྔ་དགོང་སྐྱོར་སྦྱངས་རིང་མཛུབ་སྟོན་བྱེད་དགོས་པ་ཕུད། ཡིག་གཟུགས་དང་ལྟ་ཀློག རྩོམ་འབྲི་སོགས་ལ་ཁྲིད་སྟོན་ཚགས་ཚུད་པ་ཞིག་བྱེད་དགོས་པའང་ཕ་མའི་འགན་འཁྲི་ལོས་ཡིན། ང་རང་འཇིག་རྟེན་མཐུན་འཇུག་གི་ལམ་བུ་འགྲིམ་པ་ནས་བཟུང་། འཚོ་བའི་གྱེན་ཐུར་གྱི་ལམ་བུར་སྔ་ལངས་ཕྱི་ཉལ་གྱི་སྩོལ་བར་གཞོལ་ཞིང་། ལེགས་བྱས་ཀྱི་འབྲས་བུ་རེ་ཐོབ་དུས་དགའ་བའི་འཛུམ་གྱིས་རང་སེམས་ལ་གཡོ་འགུལ་ཐེབས་པ་ཉུང་ཉུང་མིན་ལ། འཚོ་བའི་རོ་བཅུད་ནི་ཅི་འདྲའི་ཞིམ་མངར་ལྡན་པ་ཞིག་ཡིན་པའི་ཚོར་སྣང་ཡང་ངང་ངམ་ཤུགས་ཀྱིས་སྐྱེས་འོང་། ཡང་སྐབས་འགར་ལས་ཀའི་གནོན་ཤུགས་དང་གཞན་གྱི་དམའ་འབེབས། གྲོགས་མཆེད་དང་ལས་མཐུན་དབར་འགལ་ཟླའི་འཕྲང་འགག་དང་འཕྲད་དུས། སླར་ཡང་འཚོ་བ་ནི་ཅི་འདྲའི་གཏིང་རིང་བའི་འདམ་རྫབ་ཀྱི་དོང་རྙི་ཞིག་མིན་ནམ་སྙམ་པའི་དོགས་འཆར་ཡང་སྐྱེས་མྱོང་། མ་ཟད། འཕྲང་འགག་དེ་ནས་ཐར་ཐབས་སུ་ཉིན་འབད་མཚན་འབད་ཀྱི་ལས་ལའང་གཞོལ་མྱོང་། དེ་བས་ཀྱང་། ཁྱིམ་ཚང་གི་སྒོ་གྲལ་དུ་ཞུགས་པ་ནས་བཟུང་། འཇིག་རྟེན་པ་ནི་ཅི་འདྲའི་རླབས་ཆེ་བ་ཞིག་ཡིན་པའང་རྟོགས་བྱུང་།

    ང་རང་སློབ་ཆུང་འགྲིམ་དུས་སློབ་སྦྱོང་གི་སྦྱངས་འབྲས་གཡུར་དུ་ཟ་བ་ཞིག་མེད་ན་ཡང་། པཱ་ལགས་ཀྱིས་ནམ་ཞག་རྒྱུན་དུ་ནས་བོད་ཡིག་ཀློག་འདོན་དང་བརྗོད་པ་བཟོ་བ། སྟབས་བདེའི་རྩིས་རྒྱག་སོགས་ལ་སྒམ་ནན་ཆེན་པོས་མཛུབ་ཁྲིད་གནང་མྱོང་ཞིང་། ཉིན་ལྟར་སློབ་གྲྭ་གྲོལ་ནས་ཁྱིམ་དུ་སླེབས་རྗེས། དེ་རིང་རྒན་ལགས་ཀྱིས་སློབ་ཚན་ནང་དོན་གང་ཞིག་བཀའ་ཁྲིད་གནང་བ་དང་། ཇི་ཙམ་ཁོང་དུ་ཆུད་པ་སོགས་བཀའ་འདྲི་གནང་ཞོར། ཅུང་གོ་དཀའ་བའི་མིང་ཚིག་ཁག་གཅིག་གི་གོ་དོན་དང་། སློབ་ཚན་ཧྲིལ་པོའི་ཀློག་སྟངས། དེ་བཞིན་བེད་སྤྱོད་རྩིས་གཞི་ཁག་གཅིག་གི་འགྲོལ་ལུགས་ཐབས་ལམ་འདི་འདྲ་དང་འདི་འདྲ་ཞེས་མཛུབ་མོ་རི་སྟོན་གནང་གི་ཡོད་པས། ང་རང་ལོ་རིམ་བཞི་པར་སླེབས་དུས་བདག་གི་སྦྱངས་འབྲས་འཛིན་གྲྭའི་རྩེ་གྲས་སུ་སླེབས་ཀྱི་ཡོད་ལ། ལོ་དེའི་དྲུག་གཅིག་སྐབས་བཟང་པོ་གསུམ་ལྡན་གྱི་སློབ་མར་ཡང་བདམས་བྱུང་།

    བུའི་རྩོམ་ཡིག་ལ་མཛུབ་ཁྲིད་དང་རྩོམ་འབྲིའི་ནང་དོན་ལ་བསམ་གཞིག་བྱེད་རིང་། ང་རང་གི་པཱ་ལགས་ཀྱི་བཀའ་དྲིན་ནི་ནམ་ཡང་གཞལ་ཚར་ཐབས་མེད་པ་ཞིག་ཡིན་ལ། ང་རང་སློབ་ཆེན་གྱི་སྒོ་མོ་འགྲིམས་ཏེ་རྒྱ་བོད་དབྱིན་སོགས་ཤེས་བྱ་སྣ་ཚོགས་ལ་ལོངས་སུ་སྤྱོད་སྐལ་བྱུང་བ་འདི་ཡང་པཱ་ལགས་ཀྱི་ཉིན་མཚན་མེད་པའི་མཛུབ་སྟོན་དང་། སྔ་དགོང་མེད་པའི་བཀའ་སློབ། སུན་སྣང་མེད་པའི་ལམ་སྟོན་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ལུགས་དལ་གྱིས་རྟོགས།

    “འཇིག་རྟེན་འདིར་བཀའ་དྲིན་ཆེ་ཤོས་ནི་ཕ་མ་ཡིན་པས། ང་ཚོས་ཕ་མའི་བཀའ་དྲིན་ངེས་པར་དུ་འཇལ་ཐུབ་པར་བྱེད་དགོས” བུས་བྲིས་པའི་རྩོམ་ཡིག་ལ་ལྟ་བཞིན་ངག་ནས་དབང་མེད་དུ་དེ་ལྟར་ཤོར། “པཱ་ལགས། འཇིག་རྟེན་ཟེར་ན་གང་རེད” “འཇིག་རྟེན་ཟེར་ན་འཛམ་བུ་གླིང་གི་སྟེང་དུ་ཟད་པའམ། འཇིག་པ་སྟེ། ཡུད་ཙམ་ལའང་འགྱུར་བ་འགྲོ་བའི་དངོས་པོ་སྤྱི་ཡོངས་ལ་ཟེར་གྱི་རེད” བུའི་དྲི་བ་འདིར་ལན་གསལ་པོ་ཞིག་རྒྱག་མི་ཐུབ་ཀྱང་རང་གི་བསམ་ཚོད་ལྟར་གསལ་འགྲེལ་བྱས། དེ་ནི་དེ་སྔོན་པཱ་ལགས་ཀྱིས་གསུངས་མྱོང་བའི“མི་ཚེ་ཇ་ཡུན་ཙམ་ལ་ཕན་ཐོགས་ཡོད་པའི་ལས་ཀ་མང་ཙམ་བྱེད་དགོས། གལ་ཏེ་ལས་ཀ་གང་ཡིན་རུང་དུས་ཐོག་མི་ལས་པར། སང་འགྱངས་གནངས་འགྱངས་བྱས་ན། རང་གི་མི་ཚེ་འདི་ཐེམ་རྡོ་ལྟར་ཟད་ཟད་ཉིད་དུ་རྫོགས་ཀྱི་རེད”ཅེས་པའི་བཀའ་མོལ་དང་ཀུན་ནས་མཚུངས་ཨང་།

    གཉིས།

    ཁ་ཆེ་ཕ་ལུ་ལས། ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་འགྱུར་ཀྱང་། དོན་རྩ་མདའ་ལས་འདྲོང་པ་དེ་རུ་ཚང་ཞེས་བསྟན་པ་ལྟར། མ་གཞིར་ད་ཐོག་བུས་བྲིས་པའི་རྩོམ་ཡིག་ནི་ཚིག་ཉག་ཉོག་ཅན་མང་པོ་སྤུངས་ཏེ་བརྗོད་དོན་གསལ་པོར་སྟོན་མི་ཐུབ་པ་ཞིག་འདུག་ཀྱང་། དེ་ནི་ན་སོའི་མྱུ་གུ་འབུས་བཞིན་པའི་བྱིས་པ་ཞིག་གི་སེམས་ཁོང་ནས་འཕྱུར་བའི་བརྩེ་བ་དང་ལྡན་པའི་ཡིག་འབྲུའི་འཛུམ་མདངས་ཡིན་པས། དེ་ལ་ང་ཚོ་ཕ་མ་ཚོས་དོ་ནན་པོས་མཛུབ་སྟོན་བྱེད་དགོས་པ་ལས། ལམ་སེང་མི་འགྲིག་པའི་ཚིག་མདའ་འཕངས་ན་ག་ལ་འགྲིག ང་རང་ཆུང་དུས་ཚགས་པར་ལྟ་བར་ཧ་ཅང་དགའ་བས། མཚན་མོར་ནང་མི་ཚང་མ་ཉལ་ཟིན་མཚམས་ཁུ་སིམ་མེར་སྣུམ་བཞུའི་རབ་རིབ་ཀྱི་འོད་མདངས་འོག་ཚགས་པར་ལྟ་བཞིན་ཡོད། དེ་དུས་ཁྱིམ་གྱི་འཁོས་ཀ་ཤིན་ཏུ་ཞན་པས་བཞུ་རྫས་ས་སྣུམ་ཉོ་བྱེད་ཀྱང་འབེལ་པོ་ཞིག་མེད་སྟབས། ནམ་རྒྱུན་སྣུམ་བཞུར་གྲོན་ཆུང་ཐུབ་ཕྱིར་ས་རུབ་མ་ཐག་ནང་མི་ཚང་མ་ཉལ་དགོས་ཀྱི་ཡོད། ཐེངས་ཤིག ཕ་མ་གཉིས་དང་གཅུང་པོ་གཅུང་མོ་རྣམས་གཉིད་ཁུག་རྗེས། བདག་གིས་ལྐོག་ལྐོག་སུད་སུད་ངང་སྣུམ་བཞུ་སྤར་ནས་ཚགས་པར་ལྟ་བཞིན་པ་པཱ་ལགས་ཀྱིས་གཟིགས་རྗེས། ཁོང་གིས་གང་ཡང་གསུངས་མ་མྱོང་ལ། གཅུང་མོས་ཕ་མའི་མདུན་དུ་ངས་མཚན་པོ་ཕྱི་པོ་བར་ཚགས་དེབ་ལ་གཡེངས་ཏེ་སྣུམ་འཕྲོ་བརླག་གཏོང་ལུགས་ལན་བསྐྱལ་ན་ཡང་། ཁོང་གིས་བུས་ཚགས་པར་ལྟ་གི་འདུག ཚགས་པར་ལྟ་ཐུབ་ན་ཡི་གེ་མང་པོ་ངོ་ཤེས་པ་མ་ཟད། སློབ་སྦྱོང་ཡར་རྒྱས་འགྲོ་བར་ཡང་ཕན་ཆེན་པོ་ཐོགས་ཀྱི་རེད་ཅེས་གསུངས་ཏེ། སྣུམ་བཞུའི་བཞུ་རྫས་ག་ཚོད་རྫོགས་ཀྱང་ཁོང་གིས་ཕངས་སེམས་ཅི་ཡང་གནང་མྱོང་མེད།

    ཕྱིས་སུ། ཁོང་ལྷ་སར་ཕེབས་ཞོར་ཞིག་ལ་གློག་བཞུ་ཞིག་ཉོས་གནང་སྟེ། ངའི་ཚགས་པར་ལྟ་བྱེད་ཡིན་གསུངས། དེ་ནས་བཟུང་དགོང་ལྟར་ངའི་ཉལ་ཁང་ནས་གློག་འོད་ཁྲ་ལྷམ་མེར་འཕྲོ་བཞིན་ཡོད། མ་གཞི་གློག་བཞུ་དེར་གློག་རྫས་བླུགས་དགོས་མོད། ས་སྣུམ་དང་བསྡུར་ན་འགྲོ་གྲོན་ཆུང་བས། མཚན་མོ་ཚགས་པར་ལྟ་བར་དེ་བས་ཕན་ཐོགས་ཆེན་པོ་བྱུང་། ལྷག་པར་དུ། ང་རང་འཁྱར་འཁྱོར་ངང་རྩོམ་འབྲིའི་ལམ་བུར་བསྐྱོད་ཐུབ་པ་འདི་ཡང་ཆུང་དུས་སུ་རབ་རིབ་ཀྱི་སྣུམ་བཞུའི་འོད་མདངས་འོག་ཚགས་པར་ལྟ་བའི་གོམས་གཤིས་ལས་བྱུང་བ་ཡིན་ལ། ལྷག་དོན་པཱ་ལགས་ཀྱི་བྱམས་བརྩེ་དང་ཁ་བྲལ་ཐབས་མེད། ཚགས་པར་དུ་འཁོད་པའི་དོན་རྩ་ཅན་གྱི་གཏམ་དཔེ་དང་དམངས་གཞས། ཆོབ་ཚ་བའི་སྒྲུང་གཏམ། ཁ་མཚར་ཆེ་བའི་འགུལ་རིས་སོགས་ལས་ངའི་རྩོམ་འབྲིའི་ཐད་རྩོམ་རྒྱུ་ཕུན་སུམ་ཚོགས་པོ་གསོག་ཐུབ་བྱུང་།

    ད་ལྟ་བུས་ཀྱང་ཚིག་སྦྱོར་གོང་འོག་སྡེབ་མི་མཐུན་ལ། བརྗོད་དོན་འཁྲུག་པའི་རྩོམ་ཡིག་ཐ་རེ་ཐོ་རེ་འབྲི་ཤེས་པས། ཕྱིས་འབྱུང་རྩོམ་ལེགས་པོ་ཞིག་འབྲི་ཐུབ་པའི་རེ་ལྟོས་ཆེན་པོ་བྱེད་ཀྱི་ཡོད་ལ། རྩོམ་ཡིག་འབྲི་བཞིན་བཅོས་བཞིན་ཇེ་ལེགས་ཡིན་ཞེས་པ་ལྟར། ངས་བུས་བྲིས་པའི་རྩོམ་ཐུང་གི་ནང་དོན་ལ་བཟོ་བཅོས་དང་། ཐ་སྙད་སྤྱོད་སྟངས་དང་བརྡ་སྤྲོད་སོགས་ལ་དོ་དོ་ནན་པོས་མཛུབ་སྟོན་རྒྱུན་འཁྱོངས་བྱེད་བཞིན་ཡོད།

    ཕ་ཡིས་བུ་དང་བུ་ཡིས་ཕ་བྱེད་པ། དེ་འདྲ་བསམས་ན་ཐུང་ཐུང་ག་ནས་ཡིན་ཞེས་པའི་སྲིད་པ་རྒན་པོའི་གཏམ་བཞིན། ད་ཆ་ང་རང་ཡང་ཨ་ཕ་ཞེས་པའི་ཆོ་ལོ་ཞིག་གིས་བུའི་ཟ་སྡོད་འགྲོ་གསུམ་ལ་གོ་བསྐོན་མཛུབ་སྟོན་དང་། ཤེས་རིག་དང་གཟུགས་པོ། ཀུན་སྤྱོད་སོགས་ལ་དོ་ནན་སྐུལ་མ་བྱེད་མཁན་ཞིག་ཏུ་གྱུར་དུས། ཆུང་དུས་པཱ་ལགས་ཀྱིས་གསུངས་མྱོང་བའི་བཀའ་མོལ་དག་སེམས་གཏིང་ནས་དྲན་འོང་ལ། ནམ་རྒྱུན་ཁོང་གིས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཁྱིམ་ཚང་དེའི་ཆེད་དུ་ཉིན་འབད་མཚན་འབད་གནང་དོན་དལ་གྱིས་རྟོགས་དུས། ཁོང་ནི་ང་ཡི་ཕ་ཙམ་མ་ཟད། མི་ཚེའི་བདེ་སྡུག་དང་འཚོ་བའི་དགའ་སྐྱོ་གསལ་སྟོན་གནང་མཁན་གྱི་ལམ་སྟོན་སྒྲོན་མེ་ཞིག་ཅི་ལ་མིན། དེ་བས་ཀྱང་། “ཀ་ཁ་མ་ཤེས་བོང་བུ་འདྲ། བོང་བུ་ཡིན་ན་ཡིག་རྨོངས་ཡིན”ཞེས་ཟུར་ངོགས་གང་ནས་བསམས་ཀྱང་ཀ་ཁ་སྦྱོང་དགོས་པའི་སྐུལ་མའི་ཚིག་འདི་ད་ལྟ་ངས་ཀྱང་བུ་ལ་སློབ་སྟོན་དང་སྐུལ་ལྕག་གི་ཚུལ་དུ་ཡང་ཡང་གླེང་བཞིན་ཡོད།

    གསུམ།

    སྐྱིད་སྡུག་སྒང་གཤོངས་མང་བའི་འཇིག་རྟེན་འདིར་སྐྱེ་བོ་འགའ་ཞིག་རང་དོན་ཕྲན་བུ་དང་གནས་སྐབས་ཀྱི་བདེ་བ་ཉག་རེ་ཙམ་གྱི་ཆེད་དུ་མི་ཡི་རྩིས་ཐང་དང་། ལ་རྒྱ། མི་གཤིས་སོགས་རྒྱབ་ཏུ་བསྐྱུར་ནས་སྐྱུག་བྲོ་ཞིང་ཞེ་མེར་བའི་ངོ་དགའ་སྤྲེལ་ལད་དང་། གཞན་རྒྱུ་ཧམ་བཟུང་། མི་སེམས་དཀྲུག་པའི་ལས་ངན་པར་འཇུག་པ་དང་། འགའ་ཞིག་ནི་གཞན་ཕན་གྱི་བྱ་གཞག་རླབས་པོ་ཆེའི་སླད་དུ་ཉིན་འབད་མཚན་འབད་བྱེད་བཞིན་ཡོད་པས། ཁོང་ཚོའི་རང་འདོར་གཞན་གཅེས་ཀྱི་ལྷག་བསམ་ལ་སྐྱེ་བོ་མང་པོའི་དགའ་མགུ་ཡི་རང་དང་བརྩི་བཀུར་ཐོབ་བཞིན་ཡོད་པ་མིན་ནམ།

    “རྩོམ་ཡིག་ཐོག་མར་འབྲི་དུས་གློ་བ་འདི་དང་སྙིང་འདི། མཆིན་པ་འདི་རེད་ཅེས་ངེས་པར་གསལ་སྟོན་བྱེད་པའི་དགོས་པ་མེད། གཙོ་བོར་གློ་སྙིང་མཆིན་གསུམ་ཇི་ལྟ་བུ་ཡིན་པ་དང་། ནུས་པ་ཇི་འདྲ་ཡིན་པ་རགས་ཙམ་ཤེས་ན་འགྲིག དེ་ནས་རྩོམ་འབྲི་རྩལ་བྱང་ཆུབ་སོང་ན། དེ་དག་སོ་སོའི་གནས་ཡུལ་དང་ཁྱད་ཆོས། ཕན་ནུས་སོགས་ལ་དབྱེ་ཞིབ་ཀྱིས་བྲིས་ན་ཆོག” ང་རང་ལོ་རིམ་དྲུག་པ་འགྲིམ་པའི་ཉིན་ཞིག རྩོམ་ཡིག་ཅིག་གི་དབང་གིས་བློ་རྨོངས་ནས་ལུས་དུས་པཱ་ལགས་ཀྱིས་གསུངས་པའི་བཀའ་མོལ་དེ་དྲན་འོང་། ད་ཆ་བཀའ་མོལ་དེ་ངས་བུ་ལ་རྩོམ་འབྲིའི་ལམ་སྟོན་ཚུལ་དུ་གླེང་བཞིན་ཡོད། ལྷག་པར་དུ། “རྩོམ་ཡིག་ནི་ཐོག་མར་བརྗོད་པ་བཟོ་ཤེས་དགོས་པ་དང་། དེ་ནས་བརྗོད་པ་རྒྱ་ཆེ་རུ་བཏང་ན་རྩོམ་ཡིག་ཆགས་ཀྱི་རེད། བརྗོད་པ་བཟོ་བར་མིང་ཚིག་མང་པོ་བློ་ལ་ངེས་དགོས”ཞེས་པའི་བཀའ་མོལ་དག་ནི་ད་ཆ་བསླབ་གཞིའི་ཚད་གཞི་ལས་བསྟན་པའི་སློབ་མས་སློབ་ལོ་རེར་མ་མཐར་ཡང་ཐ་སྙད་800ཡན་བློ་ལ་ངེས་ཐུབ་པ་དགོས་ཞེས་པའི་ཐ་སྙད་གསོག་འཇོག་སྐོར་གྱི་རེ་བ་དང་ཀུན་ནས་མཐུན། མ་གཞི་སློབ་ཆུང་གི་ཡོན་ཚད་ལས་མེད་ཀྱང་། པཱ་ལགས་ཁོང་ལ་ལོ་མང་གི་འཚོ་བའི་མྱོང་བ་དང་། ལས་ཀའི་བར་གསེང་དུ་བསགས་པའི་ཉམས་མྱོང་མང་པོ་ཡོད་པས། དེ་དག་ནི་ངའི་ངོས་ནས་བཤད་ན་གསེར་ལས་ཀྱང་རིན་ཐང་ཆེ་བའི་གདམས་ངག་འབའ་ཞིག་ཏུ་འཁུམས། གདམས་ངག་དེའི་སྐུལ་ལྕག་འོག ད་ཆ་ངས་སློབ་ཆེན་གྱི་སྒོ་མོ་འགྲིམས་ཏེ་ཤེས་རམས་པའི་ཆོ་ལོ་ཞིག་བླངས་པ་མ་ཟད། ཁྲུ་གསུམ་བཤད་སྟེགས་སུ་འགྲེང་ནས་ངའི་བུ་དང་འདྲ་བའི་བྱིས་པ་མང་པོར་རྩོམ་འབྲིའི་དགའ་མོས་སྐྱེད་སྲིང་བྱེད་བཞིན་ཡོད།

    “མི་ཞིག་གི་འཚར་ལོངས་ཁྲོད། རང་གིས་དགའ་མོས་སུ་གྱུར་པའི་ལས་དེར་རྩེ་གཅིག་ཏུ་གཞོལ་དགོས། དེ་ནི་བྱིས་པས་རྩེད་མོར་གཡེང་བ་དང་། རྒན་པས་ཉི་བསྲོའི་གཏམ་སྨྲ་བ་ལྟར་ཡིན་ཏེ། རྒན་པོའི་གཏམ་རྒྱུད་ལས་ང་ཚོས་མི་ཞིག་གམ་དུས་རབས་ཤིག་གི་མིའི་སེམས་ཁམས་དང་ཁོར་ཡུག དད་མོས་སོགས་ཟུར་ཕྲ་མོ་ནས་ཤེས་རྟོགས་བྱེད་པར་དཔྱད་གཞི་ངེས་ཅན་མཁོ་འདོན་ཐུབ”ཅེས་གསུངས་པ་བཞིན། ཕ་མ་ཚོས་བུ་ཕྲུག་གི་དགའ་མོས་གསོ་བར་ཐབས་ཤེས་སྣ་ཚོགས་སྤྱོད་དགོས་ལ། པཱ་ལགས་ཀྱིས་ང་རང་གི་ཚགས་པར་ལྟ་བའི་གོམས་གཤིས་ལ་མོས་མཐུན་རྒྱབ་སྐྱོར་གནང་བ་ལྟར། དུས་རྒྱུན་ངས་ཀྱང་བུའི་དགའ་མོས་ལ་བརྩི་འཇོག་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པས། ད་ཆ་བུའི་བོད་ཡིག་གི་རྨང་གཞི་ལེགས་སུ་ཕྱིན་ཡོད་པ་མ་ཟད། རང་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་ཀྱང་ཧ་ཅང་ཡག་པོ་ཞིག་འཇགས་ཡོད། རྩོམ་ཡིག་ཐར་ཐོར་བྲིས་པ་དག་ཀྱང་སྔར་དང་བསྡུར་ན་ནང་དོན་མཚོན་ཐབས་དང་ཚིག་སྦྱོར་སྤྱོད་སྟངས། ཐ་སྙད་བཀོལ་སྤྱོད་དང་སྐད་ཆའི་བེད་སྤྱོད་སོགས་ཕྱོགས་གང་ཅིར་ཡར་རྒྱས་ཆེན་པོ་ཕྱིན་ཡོད།

    ལོ་ཟླའི་འགྲུལ་བཞུད་ཁྲོད། ད་ཆ་ངས་ཀྱང་ཨ་ཕ་དང་དགེ་རྒན་ཞེས་པའི་མིང་ཞིག་ཁུར་ནས། བུ་ཕྲུག་མང་པོའི་མདུན་སྐྱོད་ཀྱི་ལམ་བུར་གང་ཐུབ་ཅི་ཐུབ་ཀྱིས་ཤེས་བྱའི་སྒྲོན་མེ་སྤོར་བར་སྤྲོ་བས་འཇུག་བཞིན་ཡོད་ཅིང་། སློབ་མ་ཚོར་ཤེས་རིག་གི་བདུད་རྩི་སྦྱིན་རིང་པཱ་ལགས་ཀྱིས་གསུངས་མྱོང་བའི་བཀའ་སློབ་དག་ངའི་ཀླད་པའི་དབྱིངས་སུ་ལྡིང་འཁོར་ཡང་ཡང་རྒྱག་སྟབས། ད་ཆ་པཱ་ལགས་ཀྱིས་ང་ལ་གནང་བའི་གདམས་ངག་དེ་དག་ངས་མུ་མཐུད་དེ་རང་གི་བུ་དང་འདྲ་བའི་སློབ་མ་ཚོར་བཤད་ནས་ཁོང་ཚོའི་བློ་ཡི་མུན་པ་སེལ་བའི་ལས་ལ་འཇུག་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།