ཡུལ་དུས་ལས་བརྒལ་བའི་འགྱུར་ཁུག་ཁྲོད་ཀྱི་བོད་ལྗོངས་གསར་པ།

བོད་ཀྱི་སྲོལ་རྒྱུན་གླུ་གཞས་ལེན་ཐབས་ཀྱི་ཤེས་ལྡན་པ་གསོ་སྦྱོང་གི་སློབ་ཁྲིད་གྲུབ་འབྲས་སྙན་ཞུའི་རོལ་དབྱངས་འདུ་ཚོགས་ལྷ་སར་གནས་པའི་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་རར་གཉེར་བ། (2025ལོའི་ཟླ་11ཚེས་25ཉིན་པར་བརྒྱབ)

འདི་ནི་སྨོན་ལམ་རྡོ་རྗེས(གཡོན) སྒྲ་ཕབ་ཁང་དུ་གླུ་མར་གླུ་གཞས་གཏོང་སྟངས་མཛུབ་ཁྲིད་བྱེད་བཞིན་པ།

འདི་ནི་བོད་ཀྱི་སྒྲ་གདངས་མཐོ་བའི་བུད་མེད་གླུ་གཞས་མཁས་ཅན་པ་སངས་ཀྱིས་ཁྱིམ་དུ་ནང་སྦྱོང་བྱེད་བཞིན་པ། (2025ལོའི་ཟླ་11ཚེས་6ཉིན་པར་བརྒྱབ)
1951ལོར། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་སྦྲགས་བོད་ལྗོངས་གསར་པའི་གོམ་པ་འདི་ནས་སྤོ་འགོ་བརྩམས། མི་རྣམས་ལ་ཚེ་སྲོག་གསར་པ་ཐོབ་སྟེ་རོལ་དབྱངས་ཀྱི་འགྱུར་ཁུག་གསར་པའི་ཁྲོད་ནས་སྙིང་གཏམ་མཚོན་པར་བྱས་ཤིང་། རོལ་དབྱངས་དེ་དག་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་དང་མཉམ་དུ་དར།
ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་དྲིན་ཚོར་གྱི་གླུ་དབྱངས་ནས་དམངས་གཙོའི་བཅོས་སྒྱུར་རྗེས་ཀྱི་འབད་འཐབ་ཀྱི་འགྱུར་ཁུག་དང་དེ་ནས་དུས་རབས་གསར་པའི་བདེ་སྐྱིད་ཀྱི་རོལ་དབྱངས་བར་གྱི་བརྗེད་ཐབས་བྲལ་བའི་བརྩམས་ཆོས་རེ་རེས་ལོ་ཟླའི་ཆུ་རྒྱུན་རིང་མོ་ལས་བརྒལ་ཏེ། གངས་ལྗོངས་ས་མཐོའི་འཕོ་འགྱུར་ཆེན་པོ་ཟིན་ཐོར་བཀོད་པ་མ་ཟད། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བོད་མི་དམངས་ཀྱི་རེ་འདོད་ཡང་བརྒྱུད་གཏོང་བྱས་ཡོད།
བཅིངས་འགྲོལ་གྱི་འགྱུར་ཁུག 《ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད》ཅེས་པའི་ཐོག་མའི་བསམ་འདུན་གྲགས་པ།
1951ལོར། བོད་ཞི་བས་བཅིངས་འགྲོལ་བཏང་ཞིང་། སྐབས་དེ་དུས་ལོ་18ལ་སླེབས་པའི་དམག་སྡེ་བཅོ་བརྒྱད་པའི་རིག་རྩལ་དམག་མི་ལུའོ་ཉན་དབྱི་ཡིས་མཐའ་མཚམས་འཛུགས་སྐྲུན་བྱེད་པའི་སེམས་ཤུགས་བཅངས་ནས་ལམ་སྐྲུན་དམག་དཔུང་དང་མཉམ་དུ་བོད་སྐྱོད་ལམ་བུར་ཞུགས།
1953ལོའི་དབྱར་ཁར། ལམ་སྐྲུན་དམག་དཔུང་ཆབ་མདོར་བཅའ་སྡོད་བྱས་པ་དང་། ལུའོ་ཉན་དབྱི་ངོམ་ཆུའི་ངོགས་ཀྱི་དཔལ་སྐེད་གྲོང་ཚོར་འཚོ་བ་ཉམས་ལེན་བྱེད་པར་འགྲོ་སྐབས་ས་གནས་དེ་གའི་ཨ་མ་རྒན་མོ་བདེ་ཆེན་གྱིས་རང་ཉིད་ཀྱི་བུ་ཆུང་བ་ལྟ་བུར་བརྩི་ཡི་ཡོད།
ཉིན་མོ། ཁོང་གིས་གླུ་གར་ལ་མཁས་པའི“གཅེན་པོ”དཀོན་མཆོག་ཚེ་རིང་དང་མཉམ་དུ་ཞིང་ནང་དུ་ངལ་རྩོལ་དང་རི་ལ་བུད་ཤིང་འཐུ་བར་འགྲོ་ཞོར་ཁོམ་པ་ཡོད་རིམ་བཞིན་བོད་རིགས་ཀྱི་ལ་གླུ་ལེན་སྟངས་སྦྱོང་གི་ཡོད། ཐེངས་ཤིག ལུའོ་ཉན་དབྱི་ཉལ་ཁྲིའི་སྟེང་དུ་ཉལ་ནས་གླུ་ལེན་ཞོར་དུ་གཞས་གདངས་རྩོམ་འབྲི་བྱེད་བཞིན་ཡོད་ཅིང་། མགོ་ཡར་འདེགས་སྐབས། ཇ་དཀར་ནང་དུ་ཇ་དྭངས་ཚ་སོབ་སོབ་བླུགས་ཡོད་པའི་ཁར་ཨ་མ་རྒན་མོ་རང་ཉིད་ཀྱང་ཟ་མི་ནུས་པའི་མར་ཏོག་ཅིག་བླུགས་ཡོད་པ་མཐོང་། བརྩེ་སེམས་ཀྱིས་ཕྱུག་པའི་ཇ་དྭངས་ཕོར་པ་གང་འདིར་ལྟ་བཞིན། ལུའོ་ཉན་དབྱི་ལ་སེམས་འགུལ་ཆེན་པོ་ཐེབས་ནས་ཨ་མ་རྒན་མོས་མི་དམངས་བུ་ཕྲུག་དམག་གཉེན་ཉེ་ལྟ་བུར་བརྩི་བའི་བྱམས་སེམས་དེ་གླུ་དབྱངས་སུ་ཕབ་སྟེ་ཕྱིས་སུ་མེས་རྒྱལ་གྱི་ས་ཕྱོགས་ཀུན་ཏུ་ཁྱབ་པའི་གྲགས་ཅན་གླུ་གཞས《ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད》ཅེས་པ་གསར་རྩོམ་བྱས།
གཞས་ཚིག་ནང“བོད་རིགས་མི་དམངས་དར་དམར་འོག་ཏུ་ལངས། མཁས་མཛངས་ལྡན་པའི་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས་ཕ་ཡུལ་འཛུགས་སྐྲུན་བྱེད། ཨཱ། བོད་ལྗོངས། ང་ཚོའི་ཕ་ཡུལ། གནས་འདིར་འཚར་ལོངས་བྱུང་བས་ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད”ཅེས་བཀོད་ཡོད།
བོད་དུ་རྩ་བ་ཚུགས་ནས་བགྲང་བྱ་50ཙམ་སོང་རིང“བོད་ལྗོངས་རོལ་དབྱངས་སློབ་ཆེན”ནས་ཐོན་པ་ཡིན་ཞེས་བརྗོད་མཁན་སྒྱུ་རྩལ་མཁས་ཅན་འདིས་མཛེས་སྡུག་ལྡན་ཤོས་ཀྱི་ལང་ཚོ་གངས་ལྗོངས་ས་མཐོར་ཕུལ་བས། ས་ཆ་འདིས་ཀྱང་ཁོང་གི་རིག་པའི་ཐོལ་སྐྱེས་ལ་མཐུན་རྐྱེན་བསྐྲུན་ཏེ་གྲགས་ཅན་གྱི་འགྱུར་ཁུག་མང་པོ་ཞིག་བརྩམས་ཡོད།
ལོ་74སོང་རྗེས། ལུའོ་ཉན་དབྱིའི་བུ་སྟེ། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཨོག་ལེན་དཀྲོལ་མཁན་ལུའོ་ཞུའེ་ལའེ་ཡིས་ཨ་ཕའི་དངོས་མཚོན་པར་གཞི《ང་ཚོས་གླུ་དབྱངས་མི་ལེན་ག་ལ་སྲིད》ཅེས་པ་པར་ལེན་ལ་མཉམ་དུ་བསྐྱོད་དེ། སྐབས་དེ་དུས་ཀྱི་ཨ་ཕའི་བོད་སྐྱོད་ལམ་བུར་སླར་ཡང་ཞུགས་པ་རེད།
སྔོན་ཆད་འཐབ་འཛིང་པ་ཚོས་བསྡད་མྱོང་བའི་ས་ཕུག་དོག་པོའི་རྗེས་ཤུལ་རེ་རེར་བལྟས་ནས་ཁོང་གིས“རྒན་རབས་ཚོས་བོད་ལ་བཅིངས་འགྲོལ་དང་བོད་འཛུགས་སྐྲུན་བྱེད་པའི་ལྷད་མེད་ཀྱི་བརྩེ་སེམས་བཅངས་ནས་ཕྱིར་གཤོལ་མི་རྒྱག་པར་ཐ་ན་ཚེ་སྲོག་ཀྱང་ས་ཆ་འདིར་ལེགས་སྐྱེས་ཕུལ་ཡོད”ཅེས་མྱོང་ཚོར་ཟབ་མོས་བཤད།
2023ལོའི་ཟླ་དང་པོར“བོད་རྒྱའི་གཞས་གདངས་སྡེབ་སྒྲོག་པ་དང་པོ”ཞེས་སུ་གྲགས་པའི་ལུའོ་ཉན་དབྱི་ཁྲེང་ཏུའུ་རུ་སྐུ་གཤེགས་ཤིང་། སྐུ་གཤེགས་སྐབས་དགུང་ལོ་90ཡིན་པ་རེད། ལོ་དེའི་ཟླ་5པར“མཛེས་སྡུག་ལྡན་པའི་བོད་ལྗོངས། གཅེས་པར་འོས་པའི་ཕ་ཡུལ”ལུའོ་ཉན་དབྱིའི་བརྩམས་ཆོས་རོལ་དབྱངས་འདུ་ཚོགས་པེ་ཅིང་དུ་གཉེར་ཞིང་། 《གོས་འཁྲུའི་གླུ་གཞས》དང《ཕན་ཚུན་ཁ་འབྲལ་ཐབས་མེད》ཅེས་པ་སོགས“མར་དྲི་དང་རྩམ་དྲི་འཕྱུར་བའི”བརྩམས་ཆོས་17སླར་ཡང་དཀྲོལ་གཏོང་བྱས་པ་རེད། ལུའོ་ཉན་དབྱིའི་ཚ་མོ་ལུའོ་རྣམ་སྒྲོན་དང་ལུའོ་རྣམ་སྐྱིད་གཉིས་ནི་བོད་ལྗོངས་ཇོ་མོ་གླང་མ་གཞོན་ནུ་ལོ་ཆུང་མཉམ་གཞས་ཚོགས་པའི་ཁོངས་མི་ཡིན་པའི་ངོས་ནས་པེ་ཅིང་ཧའེ་ཏེན་ཆུས་མི་རིགས་སློབ་ཆུང་ཉི་འོད་མཉམ་གཞས་ཚོགས་པ་དང་མཉམ་དུ《གངས་རི་དང་པེ་ཅིང་འབྲེལ》ཞེས་པའི་གླུ་གཞས་བཏང་བ་དང་། དབྱངས་རྟ་གསལ་བའི་བྱིས་པའི་གླུ་སྐད་དྭངས་མས་མི་རིགས་ཀྱི་བརྩེ་དུང་ཟབ་མོ་དེ་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་ཡོད།
རོལ་དབྱངས་ནི་དུས་རབས་ཀྱི་རང་སྒྲ་ཡིན། བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བཅས་ཀྱི་འགག་རྩའི་དུས་སྐབས་སུ། 《པེ་ཅིང་གསེར་གྱི་རི་ལ》ཞེས་པ་དང་། 《གླུ་ཞིག་བླངས་ནས་ཏང་ལ་འབུལ》《ཡར་ལངས་ཞིང་བྲན་གྱིས་གླུ་ཞིག་ལེན》སོགས་གྲགས་ཅན་རོལ་དབྱངས་གཅིག་རྗེས་གཉིས་མཐུད་དུ་ཐོན་པ་རེད། བརྩམས་ཆོས་དེ་དག་ནི་གསོན་ཉམས་དོད་པའི་རོལ་དབྱངས་ཀྱི་ཡིག་ཚགས་ཤིག་དང་འདྲ་བར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚེ་སྲོག་གསར་པ་ཐོབ་པའི་བརྗིད་ཆེའི་བརྒྱུད་རིམ་བཀོད་ཡོད།
འཕེལ་རྒྱས་ཀྱི་འགྱུར་ཁུག 《ལྷ་བྱར་ཕྱོགས་པ》 ཞེས་པའི་ནང་གི་འབད་འབུངས་ཀྱི་དུང་བརྡ།
1959ལོར། བོད་དུ་ཕྱོགས་ཡོངས་ནས་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་ལོ་ངོ་སྟོང་ཕྲག་རྒྱུན་མཐུད་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྩ་སློག་ཏུ་བཏང་བས་བོད་ཀྱི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།
1962ལོར། བོད་ལྗོངས་ཆབ་མདོ་ས་ཁུལ་དུ་བུ་ཞིག་སྐྱེས་པ་དེ་ནི་སྨོན་ལམ་རྡོ་རྗེ་རེད།
སྨོན་ལམ་རྡོ་རྗེ་ནི་བཅིངས་འགྲོལ་དམག་གི་དམག་དཔོན་ཡིན་པའི་ཨ་ཕའི་སྒྲ་སྙན་ཧུའུ་ཆིན་གྱི་དབྱངས་འགྲོས་ཁྲོད་ནས་འཚར་ལོངས་བྱུང་ཞིང་། ལོ་14ནས་བཟུང་ཚད་ལྡན་གྱི་རོལ་དབྱངས་སློབ་གསོ་ཐོབ་པ་དང་སྔ་རྗེས་སུ་སྐབས་དེ་དུས་ཀྱི་བོད་ལྗོངས་དགེ་འོས་སློབ་གླིང་གི་རོལ་དབྱངས་ཞབས་བྲོའི་ཚན་ཁག་དང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་དུ་སློབ་སྦྱོང་བྱས་པ་དང་། 1985ལོར། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་དབུ་བཞུགས་པི་ཝང་རྒྱུད་གཉིས་མ་དཀྲོལ་མཁན་དུ་གྱུར་ནས་ཆེད་ལས་རོལ་དབྱངས་ཀྱི་འཚོ་བ་དངོས་སུ་འགོ་ཚུགས།
བོད་རིགས་ཀྱི་སྲོལ་རྒྱུན་རོལ་དབྱངས་ཀྱི་བག་ཆགས་དང་། ཆེད་ལས་ཤེས་བྱའི་གསོག་བཅུད། ཕུན་སུམ་ཚོགས་པའི་མི་ཚེའི་ཉམས་མྱོང་བཅས་ལས་སྨོན་ལམ་རྡོ་རྗེར་གསར་རྩོམ་ཐད་ཐོལ་ཤེས་རྒྱུན་ཆད་མེད་པ་བྱུང་ཡོད། 1987ལོར། ཁོང《ཁ་སང་གི་ཉིན་མོ》ཞེས་པའི་གླུ་གཞས་ལས་སྐད་གྲགས་ཆོད། “གླུ་གཞས་ཤིག་གིས་མི་རྣམས་ལ་འབད་བརྩོན་གྱི་སེམས་ཤུགས་སྐུལ་སློང་བྱེད་ཐུབ། ཚུར་སྣང་ལན་ཆ་འདི་འདྲ་དངོས་གནས་ཧང་སངས་དགོས་པ་ཞིག་རེད་ལ། ངས་གསར་རྩོམ་གྱི་སྟོབས་ཤུགས་ཀྱང་གསལ་པོ་ཤེས་བྱུང”ཞེས་སྨོན་ལམ་རྡོ་རྗེས་བཤད།
1995ལོར། སྨོན་ལམ་རྡོ་རྗེས་དངོས་མཚོན་པར་གཞི《བོད་ལྗོངས་ལ་སྨོན་འདུན་ཞུ》ཞེས་པར་བར་བཅུག་རོལ་དབྱངས《ལྷ་བྱར་ཕྱོགས་པ》ཞེས་པའི་གདངས་བརྩམས་པ་དང་བོད་རིགས་གླུ་པ་ཡར་དུང་གི་སྙན་འཇེབས་ལྡན་པའི་གླུ་སྒྲ་བརྒྱུད་གླུ་གཞས་དེ་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་རེད།
བོད་ལྗོངས་སྒོ་དབྱེ་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ཁྲོད་འཚར་ལོངས་བྱུང་བའི་སྨོན་ལམ་རྡོ་རྗེའི་གླུ་གཞས་གསར་རྩོམ་གྱི་མིག་རྒྱང་ཇེ་ཡངས་སུ་ཕྱིན་པ་དང་གླུ་གཞས་ཀྱི་ཉམས་འགྱུར་ཡང་ཕུན་སུམ་ཚོགས་སུ་སོང་ཡོད། ཁོང་གིས《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》དང《རྣམ་པར་བཀྲ་བའི་ཁ་བཏགས》སོགས་ས་མཐོའི་འཕེལ་རྒྱས་མངོན་ཞིང་ལྷད་མེད་ཀྱི་བརྩེ་དུང་མཚོན་པའི་གླུ་གཞས་གྲགས་ཅན་མང་པོ་གསར་རྩོམ་བྱས་པ་མ་ཟད། 《བྱམས་བརྩེ་ཅན་གྱི་ཡུམ་ཆེན》དང《མཆོད་རྟེན་དཀར་པོ》སོགས་བརྒྱུད་གཏོང་བྱེད་མཁན་ཤིན་ཏུ་མང་བའི་དར་ཁྱབ་ཆེ་བའི་གླུ་གཞས་རྩེ་གྲའང་གསར་རྩོམ་བྱས་ཡོད།
1987ལོ་ནས་1997ལོ་བར། སྨོན་ལམ་རྡོ་རྗེས་ཀྲུང་གོ་བོད་ལྗོངས་སྒྱུ་རྩལ་ཚོགས་པ་དང་མཉམ་དུ་ཡོ་རོབ་དང་མེ་གླིང་གི་རྒྱལ་ཁབ་10ལྷག་ཙམ་དུ་འཁྲབ་སྟོན་བྱེད་པར་བསྐྱོད་དེ། བོད་ལྗོངས་ཀྱི་གླུ་གཞས་འཛམ་གླིང་གི་གར་སྟེགས་ཐོག་གྱེར་གཏོང་བྱས་ཡོད། 2008ལོ་ནས་2018ལོ་བར། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཅིག་པ་དང་སྐབས་བཅུ་གཉིས་པའི་ཨུ་ཡོན་གྱི་འགན་ཁུར་ནས། བོད་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་དང་ཕྱི་ཕྱོགས་བརྒྱུད་བསྒྲགས་ཆེད་གྲོས་འགོ་བཏོན་ནས་ནུས་ཤུགས་སྐྱེས་སུ་ཕུལ་ཡོད།
བདེ་སྐྱིད་ཀྱི་འགྱུར་ཁུག 《མཁའ་ལམ》གྱིས་དུས་རབས་ཀྱི་ཉམས་བཟང་དབྱངས་སུ་གྱེར་བ།
དུས་རབས་གསར་པར་སླེབས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཡོད་པ་རེད།
“ས་སྲོས་སུ་རི་རྩེ་ནས་རྒྱང་རིང་ལ་ལྟ་བའི་དུས། ལྕགས་ལམ་ང་ཡི་ཕ་ཡུལ་དུ་སླེབས་ན་བསམ”《མཁའ་ལམ》ནང་གི་གཞས་ཚིག་དེ་ལས་ལོ་ངོ་སྟོང་ཕྲག་རིང་ས་མཐོའི་མི་དམངས་ཀྱིས་ཕྱི་ཕྱོགས་དང་འབྲེལ་གཏུག་བྱེད་པའི་འགྲོ་ལམ་སྐྲུན་འདོད་ཀྱི་རེ་བ་ཟབ་མོ་དབྱངས་སུ་གྱེར་ཡོད།
2001ལོར། བོད་ཀྱི་སྒྲ་གདངས་མཐོ་བའི་བུད་མེད་གླུ་གཞས་མཁན་ཅན་པ་སངས་ཀྱིས《མཁའ་ལམ》གྱི་འགྱུར་ཁུག་དང་མཚོ་བོད་ལྕགས་ལམ་སྐྲུན་ཉེར་ཡོད་པའི་གཏམ་བཟང་དེ་ནང་མིར་ཤོད་སྐབས། “རི་ཀླུང་མང་པོ་དེ་འདྲ་བརྒལ་དགོས་པས་རྩ་བ་ནས་སྐྲུན་ཐུབ་ཀྱི་མ་རེད”ཅེས་ཨ་ཁུས་བཤད་པའི་སྐད་ཆ་དེ་ད་ལྟའི་དུས་སུའང་ཁོ་མོའི་སེམས་སུ་ངེས་ཡོད།
ལྷ་སའི་གྲོང་འདབས་ཀྱི་ཞིང་པའི་ཁྱིམ་ཚང་ཞིག་དུ་སྐྱེས་པའི་པ་སངས་ནི་བོད་རང་སྐྱོང་ལྗོངས་སྒྱུ་རྩལ་སློབ་གྲྭ་ནས་ཐོན་ཞིང་། 1989ལོར། ཁོང་བོད་ལྗོངས་དམག་ཁུལ་ཁང་རིག་རྩལ་ཚོགས་པའི་ཆེད་ལས་གླུ་མ་ཞིག་ཏུ་འགྱུར་བ་དང་། ཕྱི་ལོར་དམག་དཔུང་ཡོངས་ཀྱི་གར་སྟེགས་ཆེ་ཤོས“དམག་དམངས་ཀྱིས་དཔྱིད་གསར་དུས་ཆེན་བསུ་བའི་རིག་རྩལ་དགོང་ཚོགས”ལ་ཞུགས་པ་རེད།
ཞིང་པའི་བུ་མོ་ཞིག་ནས་རྒན་གཞོན་ཚང་མས་ངོ་ཤེས་པའི་གླུ་མ་ཞིག་ཏུ་གྱུར་པའི་བར། པ་སངས་ཀྱི་མི་ཚེར་བྱུང་བའི་འགྱུར་ལྡོག་དེ་རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་དཔུང་ཁག་གསོ་སྐྱོང་དང་དེར་ཐུགས་ཁུར་གནང་བ་དང་ཁ་འབྲལ་ཐབས་མེད་ལ། དེ་ལས་གངས་ལྗོངས་ས་མཐོའི་དམག་དམངས་མཐུན་སྒྲིལ་དང་མཐའ་མཚམས་བརྟན་ལྷིང་གི་དུས་རབས་ཀྱི་ཉམས་བཟང་ཡང་མཚོན་ཡོད།
2006ལོར། མཚོ་བོད་ལྕགས་ལམ་གྱི་ཚོད་ལྟའི་མེ་འཁོར་པ་སངས་ཁྱིམ་གྱི་སྒོ་འགྲམ་ནས་སྐྱོད་སྐབས“ལ་ལུང་ས་ཐག་རྒྱང་བ་སྣང་བའི་ཡུལ་ལ་མི་འདུག”ཅེས་པའི་འོབས་ཆེན་བདེ་ལམ་དུ་འགྱུར་བའི་གཞས་ཚིག་དེ་ཡང་མངོན་སུམ་དུ་འགྱུར་བ་རེད།
ཏང་ཀྲུང་དབྱང་གིས་གནང་བའི“རྩ་ཆེའི་ལག་རྟགས”དེ་གངས་ལྗོངས་རི་ལུང་ཀུན་ཏུ་ཁྱབ་པར་བྱ་ཆེད། པ་སངས་ཀྱིས་རྒྱ་བོད་སྐད་གཉིས་ལམ་ནས《མཁའ་ལམ》གྱེར་གཏོང་གིས་གླུ་སྒྲ་གངས་ལྗོངས་ས་མཐོར་ཁྱབ་པར་བྱས་ཡོད།
《མཁའ་ལམ》དེ་ནི་འཛམ་གླིང་གི་ཡང་རྩེར་དབང་བའི་ཐུན་མིན་གྱི་འགྱུར་ཁུག་ཅིག་ཡིན་ཞིང་། “བོད་ལ་མ་གཏོགས་ཡོད་མི་སྲིད”པའི་གླུ་གཞས་ཡིན་ཞེས་བརྗོད་ནའང་ཆོག གླུ་གཞས་དེ་ལས་བོད་ལྗོངས་མི་དམངས་ཀྱིས་མཐུན་སྒྲིལ་གྱི་ལམ་བུ་དང་། འཕེལ་རྒྱས་ཀྱི་ལམ་བུ། བདེ་སྐྱིད་ཀྱི་ལམ་བུ་བཅས་ཡིན་པའི་མཚོ་བོད་ལྕགས་ལམ་ལ་ཕུལ་བའི་བརྩེ་བས་ཕྱུག་པའི་བསྟོད་གླུ་ཡིན་ལ། སྙིང་དབུས་ཀྱི་དྲིན་ཚོར་དང་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དབྱངས་སུ་གྱེར་བའང་ཡིན།
མེ་ཏོག་མཉམ་དུ་བཞད་པའི་བོད་ལྗོངས་ཀྱི་རིག་རྩལ་གསར་རྩོམ་དེས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་སྐྱོད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ལ་བདེན་དཔང་བྱེད་བཞིན་མཆིས། (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།