ལོ་ངོ་ཁྲི་བཅུ་ཙམ་གྱི་སྔོན་ནས་ས་མཐོར་མིའི་རིགས་འཚོ་སྡོད་བྱེད་ལུགས་བོད་ལྗོངས་གནའ་རྫས་རྟོག་ཞིབ་ཀྱིས་ར་སྤྲོད་བྱས་པ།
ཉེ་བའི་ལོ་ཤས་རིང་བོད་ཀྱི་གནའ་རྫས་རྟོག་ཞིབ་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ལོ་ཁྲི་བཅུ་ཙམ་གྱི་སྔོན་ནས་མིའི་རིགས་མཚོ་བོད་ས་མཐོར་འཚོ་སྡོད་བྱེད་ལུགས་དངོས་སུ་ཤེས་རྟོགས་བྱུང་སྟེ། ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་གི་རྣམ་པ་དང་མཚོ་བོད་ས་མཐོའི་སྔ་དུས་ཀྱི་མིའི་རིགས་ཀྱི་འགུལ་སྐྱོད་ལ་ཞིབ་འཇུག་བྱེད་པར་དངོས་པོའི་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་ཁོངས་གཏོགས་ཀྱིས་རང་འགུལ་རང་བཞིན་གྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་42དང་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ཆེ་གྲས་200ལྷག་ཙམ་གྱི་གནའ་རྫས་རྟོག་ཞིབ་བརྟག་དཔྱད་བྱས་ཡོད། གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་ལས་མངོན་པར། མེ་ལོང་ལྟག་ཕུག་གནའ་ཤུལ་དང་ཟངས་དཀར་སྒང་གནའ་ཤུལ་གྱིས་མིའི་རིགས་ཐོག་མར་མཚོ་བོད་ས་མཐོར་སྐྱོད་པའི་ལོ་རྒྱུས་ལོ་ཁྲི་བཅུ་སྔ་རུ་བཏང་ནས། ས་མཐོའི་ལོ་རྒྱུས་སྔོན་གྱི་འགུལ་སྐྱོད་ཐད་ཀྱི་ཞིབ་འཇུག་གི་སྟོང་ཆ་གསབ་ཡོད་པ་རེད།
དེ་དང་ཆབས་ཅིག དེ་ལས་ཐོན་པའི་ཙུའོ་ཚན་དར་སྐུད་དང་། དར་སི་སོགས་ཀྱི་ཤུལ་དངོས་ཐོག་ནས་གནའ་བོའི་བོད་དང་ཀྲུང་ཡོན་དབར་དངོས་རྫས་འཁོར་རྒྱུག་དང་རིག་གནས་སྤེལ་རེས་ཐད་འབྲེལ་བ་དམ་ཟབ་ཡོད་པ་ཐད་ཀར་ར་སྤྲོད་བྱས་ཏེ། ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་གི་རྣམ་པ་དང་ཀྲུང་ཧྭ་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞུས་ཧྲའོ་གོ་ཡིས། གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བ་དེ་དག་གིས་མཚོ་བོད་ས་མཐོའི་མིའི་རིགས་ཀྱི་འགུལ་སྐྱོད་དུས་ཚོད་དང་བར་མཐོངས་ལ་ངོས་འཛིན་བྱེད་རྒྱ་ཆེ་རུ་ཕྱིན་པ་མ་ཟད། མཚོ་བོད་ས་མཐོའི་ཞིང་འབྲོག་ལས་ཀྱི་འབྱུང་ཁུངས་དང་། བོད་ཀྱི་ས་གནས་རིག་གནས་ཀྱི་འཕོ་འགྱུར། ཀྲུང་ཧྭའི་ཤེས་དཔལ་འཕེལ་རྒྱས་བཅས་ལ་སྔར་བས་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།