དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • གནམ་ལོ་གསར་ཚེས་ཀྱི་སྨོན་འདུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཉི་མ་ཆོས་གྲུབ།   |     སྤེལ་དུས།  2026-01-02

    ལོ་རྙིང་ཕར་ལ་འདས་སོང་། །གནམ་ལོ་གསར་པ་ཤར་སོང་། །བཀྲ་ཤིས་ཁ་བ་དཀར་པོས། ། གནམ་ལོ་གསར་པ་བསུས་བྱུང་། །མི་ཡུལ་དག་པའི་ཞིང་ལ། །གནམ་ལོ་གསར་དུ་ཚེས་པས། །སྐྱེ་འགྲོ་ཕོ་མོ་རྒན་གཞོན། །སྤྲོ་སྣང་རབ་ཏུ་འཕེལ་སོང་། །མ་འོངས་ལོ་ཟླའི་ནང་དུ། །

    བཀྲ་ཤིས་བདེ་ལེགས་ཡོང་ཆེད། །གཙང་པའི་ཨོ་ལོ་བདག་གིས། །སྨོན་ལམ་ཚིག་གསུམ་ཕུལ་འདོད། །

    ན་ཆུང་སློབ་མའི་ཚོགས་རྣམས། །སྦྱངས་འབྲས་བཟང་བའི་སྨོན་འདུན། །བགྲེས་སོང་རྒན་འཁོཊ་རྣམས་ཚོ། །སྐུ་ཚེ་རིང་བའི་སྨོན་འདུན། ། གཅེན་གཅུང་ཕ་མ་སྤུན་མཆེད། །ལོངས་སྤྱོད་འཕེལ་བའི་སྨོན་འདུན། །གཅོང་དང་ནད་ཀྱིས་མནར་མཁན། །ནད་ལས་ཐར་བའི་སྨོན་འདུན། ། བྱ་གཞག་གཉེར་མཁན་རྣམ་པ། །མཛད་འཕྲིན་འཕེལ་བའི་སྨོན་འདུན། །གཞུང་ཞབས་སྤྱི་ལས་གནང་མཁན། །ལས་རྗེས་བཟང་བའི་སྨོན་འདུན། །བཟོ་པ་བཟོ་ལས་དར་ཞིང་། ། ཞིང་པ་ལོ་འབྲས་ལེགས་པ། །འབྲོག་པ་དཀར་ཆུ་འཛོམས་ཤིང་། །འཛོམས་གསུམ་འཛོམས་པའི་སྨོན་འདུན། །དམག་འཁྲུག་མུ་གེ་མེད་པ། །ནད་ཡམས་རྐུ་འཕྲོག་མེད་པ། །སད་སེར་ཐན་ཞོད་མེད་པ། །ས་ཡོམ་མཚོ་འཁྱོམ་མེད་པ། །འཛམ་གླིང་ཡུལ་གྲུ་ཀུན་ལ། །བཀྲ་ཤིས་ཉི་མ་འཆར་ཞིང་། །དཔལ་ཡོན་རབ་ཏུ་རྒྱས་ནས། །ཐམས་ཅད་བདེ་བའི་སྨོན་འདུན། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།