སྨོན་ཚིག་མུ་ཏིག་ཕྲེང་བ།
དུས་བཞིའི་འགྱུར་བ་རླུང་རེད། །བཞུར་རྒྱུན་གཙང་པོའི་རླབས་རེད། །ཉིས་སྟོང་ཉེར་ལྔ་ཚེས་ནས། །རྫོགས་ཚིག་བཞི་ཤད་བྲིས་སོང་། །ཉིས་སྟོང་ཉེར་དྲུག་ཤར་སོང་། །ཉི་རྩེ་ཤར་ནས་འཛུམ་བྱུང་། །ཉི་རྩེ་རི་ལ་ཕོག་དུས། །རྟེན་འབྲེལ་མགོ་མ་འགྲིག་ཡོད། །དྭངས་གཙང་སེམས་ཀྱི་སྨོན་འདུན། །སྙིང་གི་དཀྱིལ་ནས་ཕུལ་ཡོད། །ཉེར་དྲུག་ལོ་ཟླ་གསར་པར། །སྨོན་ཚིག་སྟོང་གིས་མཆོད་ཡོད། །མཆོད་ཆང་བདུད་རྩི་བཏེཊ་ཡོད། །ཁ་གཡང་སྨོན་ཚིག་བསྒྲོན་ཡོད། །རྒན་པ་ཚེ་ཐག་རིང་དགོས། །ཚེ་སྲོག་བྲག་ལས་སྲ་དགོས། །གཞོན་པ་བློ་རིག་གསལ་དགོས། །རྨོངས་པའི་སྨག་ལས་གྲོལ་དགོས། །བྱིས་པ་ལང་ཚོ་དར་དགོས། །ལང་ཚོའི་མེ་ཏོག་འཛུམ་དགོས། །བྱམས་བརྩེའི་གཅེས་སྤྲས་གནང་དགོས། །ཕན་ཚུན་གུས་ཤིང་བཀུར་དགོས། ། འབྲོག་ལ་རྟ་ནོར་འཕེལ་དགོས། །འོ་ཞོའི་རྒྱ་མཚོ་འཁྱིལ་དགོས། །ཞིང་ལ་ལོ་ཏོག་སྨིན་དགོས། །
བང་མཛོད་འབྲུ་ཡིས་གང་དགོས། །མཛའ་མཐུན་རྡོ་རིང་བརྟན་དགོས། །འཚོ་བ་བདེ་ཞིང་སྐྱིད་དགོས། །འཆམ་མཐུན་འོ་ཆུ་འདྲེས་ནས། །ཕན་ཚུན་གཅེས་ཤིང་སྐྱོང་དགོས། །བཟོ་ལས་ལག་རྩལ་དར་དགོས། །ཚན་རིག་ལག་རྩལ་སྦྱོང་དགོས། །ན་གཞོན་བུ་དང་བུ་མོས། །
དོན་མེད་རྣམ་གཡེང་སྐྱུར་དགོས། །ཤེས་རིག་ཁོ་ལག་རྒྱས་དགོས། །དཔལ་འབྱོར་འཕེལ་ཁ་དར་དགོས། ། གངས་ཅན་ས་ལའི་ལྗོངས་སུ། །མངའ་ཐང་འབྱོར་པ་རྒྱས་དགོས། །སོར་བཅུ་བྲང་ལ་སྦྱར་ནས། ། དབྱངས་གསལ་ཚིག་ལ་བརྒྱུས་པའི། །སྨོན་འདུན་ཚིག་གི་མཆོད་པ། །ཉིས་སྟོང་ཉེར་དྲུག་མགོ་ནས། །ལྷག་བསམ་དཀར་པོས་ཕུལ་ཡོད། །
འབྲེལ་ཡོད་གསར་འགྱུར།