གནམ་ལོ་གསར་པར་བཀྲ་ཤིས་ཁ་གཡང་སྒྲོག
བཀྲ་ཤིས་རྟ་ཡི་གནམ་ལོ་འཆར་མཚམས་འདིར། །
བཀྲ་ཤིས་བྱ་བ་གང་དང་གང་སྒྲུབ་ཀྱང་། །
བཀྲ་ཤིས་ལས་རླུང་རྟ་ལྟར་མྱུར་བ་ཡི། །
བཀྲ་ཤིས་ཞོགས་པའི་སྨོན་ཚིག་འདི་ནས་སྒྲོག །
བཀྲ་ཤིས་རྒན་རྒོན་སྐུ་ཚེ་བྲག་ལྟར་བརྟན། །
བཀྲ་ཤིས་དར་མའི་བྱ་གཞག་མཚོ་ལྟར་འཕེལ། །
བཀྲ་ཤིས་བྱིས་པའི་བློ་རིག་ཤེལ་ལྟར་དྭངས། །
བཀྲ་ཤིས་སྐྱེ་རྒུའི་བསམ་དོན་འགྲུབ་པར་སྨོན། །
བཀྲ་ཤིས་ཞིང་པར་ལོ་ལེགས་འབྲུ་དྲུག་སྨིན། །
བཀྲ་ཤིས་འབྲོག་པར་ཕྱུགས་ཀྱི་འཕེལ་ཁ་རྒྱས། །
བཀྲ་ཤིས་ས་མ་འབྲོག་ལ་གང་ཡང་འཛོམས། །
བཀྲ་ཤིས་འཚོ་བ་ཕུན་སུམ་ཚོགས་པར་སྨོན། །
བཀྲ་ཤིས་ཕྱི་ཡི་འབྱོར་པ་རྒྱས་དང་ལྷན། །
བཀྲ་ཤིས་ནང་གི་བདེ་བ་མི་བོར་བའི། །
བཀྲ་ཤིས་ཕྱི་ནང་འགལ་མེད་བདེ་བའི་མཐའ། །
བཀྲ་ཤིས་སྐྱེ་དགུའི་སྙིང་དུ་འཁྱིལ་བར་སྨོན། །
བཀྲ་ཤིས་ལོ་རྙིང་ཕར་ལ་འདས་པ་ནས། །
བཀྲ་ཤིས་མི་འདོད་རྐྱེན་ངན་བཟློག་པ་དང་། །
བཀྲ་ཤིས་རྟ་ལོ་འཛུམ་གྱིས་བསུ་བཞིན་དུ། །
བཀྲ་ཤིས་འདོད་རྒུ་ཆར་དུ་བསྙིལ་བར་ཤོག །
བཀྲ་ཤིས་སྨོན་ཚིག་ཇི་ལྟར་སྒྲོག་པ་བཞིན། །
བཀྲ་ཤིས་གང་འདོད་སྙིང་གི་རེ་བ་དག །
བཀྲ་ཤིས་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། །
བཀྲ་ཤིས་ཡུལ་ལ་ཡོད་ཚད་བཀྲ་ཤིས་ཤོག །
འབྲེལ་ཡོད་གསར་འགྱུར།