དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཤིས་ཚིག་གཡང་གི་ནོར་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྤེན་ཚེ་གཞོན་པ།   |     སྤེལ་དུས།  2026-01-02

    དུས་ཀྱི་འཁོར་ལོ་རྩིབས་སྟོང་ཅན་དེ་ངང་སྒུག་མེད་པར་སྐད་ཅིག་སྐད་ཅིག་ལ་མདུན་ནས་མདུན་དུ་བཞུད་སོང་། 2025ལོར་ས་ཆེན་ཨ་མའི་པང་ན་འཚོ་བའི་དིང་རིའི་སྤུན་ཟླ་རྣམས་རང་བྱུང་ས་ཡོམ་གྱི་གནོད་འཚེའི་འཇིགས་པས་གཙེས་པས། ཁོ་ཅག་རྣམས་ལ་མཚོན་ན་དེ་ནི་འོ་བརྒྱལ་ཚད་མེད་བཟོས་པའི་ལོ་ཞིག་ཀྱང་རེད། འོན་ཀྱང་། རང་བྱུང་གནོད་འཚེའི་བརྙས་བཅོས་ཇི་ལྟར་ཆེ་རུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག སྤུན་ཟླ་མི་རིཊ་དབར་མཛའ་མཐུན་མཉམ་གནས་དང་། གཅིག་ཕན་གཅིག་རོགས། ཕྱར་བ་གྲུ་འདེགས་ཀྱིས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་གིས་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཏེ་ངོ་མཚར་གཏམ་རྒྱུད་བརྩམས། གནམ་ལོ་གསར་པར་ངེད་ཅག་གིས་ཅིས་ནས་ཀྱང་རང་གིས་འཆར་འགོད་བྱས་པའི་ལས་ཀ་དེ་དག་སྒྲུབ་པར་གོམ་པ་རེ་རེ་ལ་རྐང་རྗེས་རེ་རེ་འཇོག་པའི་དཔེ་ལྟར། ལེ་ལོའི་ཞགས་ཐག་ཁད་ཀྱིས་བཅད་དེ་བརྩོན་འགྲུས་ཀྱི་གཟིངས་པོ་ཆེ་ལ་བརྟེན་ནས་འཚོ་བའི་ཀློང་ཆེན་ཡངས་པོའི་ཁྲོད་ཀྱི་ཁ་ཆར་བུ་ཡུག་དང་སད་སེར་ཐན་ཞོད་ཀྱི་དཀའ་སྡུག་མཐའ་དག་ཁྱད་དུ་བསད་ནས། རིན་ཆེན་གླིང་ནས་དགོས་འདོད་ཀྱི་ནོར་བུ་ཀུན་འབྱུང་གང་མང་ལེན་ཐུབ་པར་འབད་དགོས།

    གནམ་ལོ་གསར་པར་ངེད་ཅག་གིས་དཀའ་བ་མཐའ་དག་འཛུམ་གྱིས་བསུ་ནུས་ན། བདེ་སྐྱིད་ཀྱི་འཚོ་བའི་མངར་ཁ་རྙེད་ཐུབ་ལ། ཀྱག་ཀྱོག་གི་རི་ལམ་གཟར་པོ་འཛེགས་ནུས་ན། ད་གཟོད་དེ་ལས་མཐོ་བའི་རི་བོ་དང་དེ་ལས་ཡངས་པའི་ནམ་མཁའ་ཡི་མཛེས་ཞལ་མཇལ་ཐུབ། དེ་བས་དྲག་ཆར་རླུང་འཚུབ་ཀྱིས་ཁེངས་པའི་དཀའ་སྡུག་གི་ལམ་བུ་མ་བརྒྱུད་ན་མཛེས་སྡུག་རྣམ་པར་བཀྲ་བའི་དབང་གཞུའི་གུར་ཁང་ནམ་ཡང་ང་ཚོའི་ཡིད་ཀྱི་དཔྱིད་དཔལ་དུ་བཞད་ཐབས་བྲལ་བའི་གནས་ལུགས་རྟོགས་དགོས།

    གནམ་ལོ་གསར་པར་ང་ཚོ་སྐྱེ་བོ་མི་རེ་ངོ་རེའི་ནང་སེམས་སུ་འབར་བའི་འདོད་ཆགས་དང་ཞེ་སྡང་། ང་རྒྱལ་དང་ཕྲག་དོག་གི་མེ་ལྕེ་ཇེ་ཆུང་དུ་གཏོང་རྒྱུ་དང་། ལྷོག་ལྷོག་ཏུ་འཁོལ་བའི་བརྣབ་སེམས་དང་གནོད་སེམས་ཀྱི་དུག་ཆུ་རང་སར་ཞི་བ་དང་། སེམས་ཀྱི་ཞིང་སར་རྒན་བཀུར་གཞོན་གཅེས་དང་། ཁ་ལེན་ཚིག་བརྩི། ཁོག་ཡངས་དཀྱེལ་ཆེ། ཡ་རབས་གཞུང་དྲང་གི་གཤིས་བཟང་མེ་ཏོག་བཞད་གང་ཐུབ་བྱེད་དགོས།

    གནམ་ལོ་གསར་པར་ང་ཚོའི་ཡུལ་ཁམས་འདི་ཡི་ཆུ་མོ་དེ་བས་དྭངས་ཤིང་གཙང་བ་དང་། རི་བོ་མཐོ་ཞིང་བརྗིད་པ། ནམ་མཁའ་སྔོ་ཞིང་བསངས་ལ། ཉི་འོད་དྲོ་ཞིང་འཇམ་པ། སྐྱེ་བོ་རྒན་དར་གཞོན་གསུམ་གྱི་ཡིད་ཀྱི་དབྱིངས་རུམ་དུ་དུས་གསུམ་ཀུན་ལ་ལྷག་བསམ་གྱི་ཉི་འོད་འཕྲོས་ཏེ། སེམས་རྒྱུད་ཇེ་ལེགས་ནས་ཇེ་ལེགས་སུ་གྱུར་བར་ཤོག

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།