དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ལོ་ཟླའི་དྲན་གསོ་སྣ་ཟིན་སྤུ་ཟིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལྕང་བུ་ཆུང་།   |     སྤེལ་དུས།  2026-01-02

    ལོ་རྙིང་པར“དཀའ་ཨེ་བྱུང”

    འདས་མ་ཐག་པའི་2025ལོར་ཕྱིར་དྲན་བྱེད་སྐབས། དེ་མུར་ཁོ་བོའི་སེམས་ལ་གྲོང་ཚོར་བཅའ་སྡོད་བྱེད་རིང་གི་གནས་ཚུལ་མང་པོ་དྲན་ཞིང་། རྣ་ལམ་དུ་དཀའ་ཨེ་བྱུང་ཞེས་པའི་སྐད་ཆ་འདི་བྲག་ཅ་བཞིན་འཁོར་འོངས།

    ལོ་གཅིག་གི་གྲོང་སྡོད་དུས་ཡུན་ནི་ཁ་ནས་ཤོད་དུས་ཐུང་ཐུང་ལྟ་བུར་སྣང་མོད། དོན་དངོས་སུ་ལུས་གྲོང་ཚོར་བཅར་ནས་སྒོ་གསུམ་གྲོང་ཚོའི་ལས་དོན་ལ་འཇུག་པའི་ལོ་གཅིག་གི་དུས་ཡུན་ནི་དཔྱིད་ཉི་རིང་པོའི་དཔེ་དང་མཚུངས། ཡང་སྒོས་ས་བབ་མཐོ་ཞིང་། གསོ་རླུང་དཀོན་ལ། གནམ་གཤིས་གྲང་ངད་ཆེ་བའི་བྱང་ཨ་མདོ་ཁུལ་དུ་བཅའ་སྡོད་ལོ་གཅིག་བྱེད་པ་ནི་རང་ཉིད་ཀྱི་ལུས་སེམས་གཉིས་ལ་ཚོད་བགམ་ཐེངས་གཅིག་བྱས་པ་དང་འདྲ་བས་ཅུང་ཟད་དཀའ་བར་སྣང་། འོན་ཏེ། གྲོང་ཚོའི་ལས་དོན་བསྒྲུབས་ནས་ལོག་ཡོང་རེ་བཞིན། ཡུལ་མི་ཚོས་དཀའ་ཨེ་བྱུང་ཞེས་ཉི་གཞོན་འདྲ་བའི་འཛུམ་མདངས་ཤིག་ཕྱུང་ནས་འདྲི་དུས། དེ་མུར་ལུས་སེམས་ཀྱི་ངལ་བ་ཐམས་ཅད་གངས་ལ་ཉི་ཟེར་ཕོག་པ་བཞིན་བཞུར་ནས། ངག་ནས་དཀའ་མ་བྱུང་ཞེས་པའི་ཚིག་འདི་བཅོས་མིན་རང་བཞིན་དུ་བརྗོད་པར་ཐལ།

    མ་གཞི་ནས་འཚོ་བ་ནི་དཀའ་ངལ་ལ་གདོང་གཏད་ནས་བདེ་སྐྱིད་པང་དུ་བསུ་བའི་བརྒྱུད་རིམ་ཞིག་ཡིན་པས། བརྒྱུད་རིམ་དེར་དཀའ་ངལ་མེད་པ་ཅི་ལ་སྲིད། བྱང་ཐང་འབྲོག་པའི་ངག་ལ་བྱང་པའི་དཀའ་ཨེ་བྱུང་ཞེས་པའི་འཚམས་འདྲིའི་སྐད་ཆ་འདི་ནི་ཆུང་ས་ནས་བལྟས་ན་ཁམས་བདེའི་འཚམས་འདྲི་ཞིག་ཏུ་སྣང་ཡང་། ཆེ་ས་ནས་བལྟས་ན། འདི་ནི་དཀའ་ངལ་ལ་འཛིན་པའི་རྣམ་འགྱུར་ཇི་ལྟ་བུ་ཡིན་མིན་བརྟགས་པ་དང་འདྲ། འཇིག་རྟེན་གྱི་བྱ་བ་ཅི་ཞིག་ཡིན་རུང་། རྩོལ་བ་གཏན་ནས་མ་བསྐྱེད་པར་རང་བཞིན་ལྷུན་གྱིས་འགྲུབ་པ་སྤྱིར་ན་མེད། བྱ་བ་ཅི་ཞིག་ཡིན་རུང་གྲུབ་དང་མ་འགྲུབ་ཀྱི་འགག་རྩ་ནི་བྱ་བ་དེ་སྒྲུབ་པའི་བརྒྱུད་རིམ་ཁྲོད་དུ་འཕྲད་པའི་དཀའ་ངལ་ལ་ལྟ་སྟངས་ཇི་ལྟར་འཛིན་མིན་ལ་རག་ལུས་ཡོད། ལ་ལ་ནི་ལས་དང་བྱ་བའི་མིང་གོ་བ་ཙམ་གྱིས་ཕྱིར་བཤོལ་ནས་ཚོད་ལྟ་ཙམ་ཡང་བྱེད་མི་སྤོབས་པས། དེ་དག་ལ་འབྲས་བཟང་ཐོབ་རྒྱུ་ནི་སྤྲོས་བྲལ་རེད། ལ་ལ་ནི་ལས་ཀ་གང་ཞིག་ཡིན་རུང་དེ་ལ་དཔའ་དང་བློ་ཁོག་བསྐྱེད་ནས་དགའ་ཞིང་སྤྲོ་བས་ཞུགས་པས། མཐར་བསམ་ཚོད་ལས་འདས་པའི་འབྲས་བཟང་ལག་ཏུ་ལོན་པའོ།

    དེས་ན། ལོ་རྙིང་པར་བརྒྱབ་པའི་དཀའ་ལས་དང་འཕྲད་པའི་དཀའ་ངལ་མཐའ་དག་ལ“དཀའ་མ་བྱུང”ཞེས་དཀྱེལ་ཡངས་ཀྱི་རྣམ་འགྱུར་ཞིག་བཟུང་ནས། མ་འོངས་ཀྱི་བྱ་བ་ཆེ་ཕྲ་ཆུང་གསུམ་ལ་དགའ་སྣང་དང་བཅས་ཏེ་ཞུགས་ན། སྔ་ཕྱི་མ་གཏོགས་རེ་བའི་འབྲས་བཟང་བསམ་པའི་ཞིང་སར་སྨིན་ངེས།

    ལོ་གསར་པར་རྒྱལ་ཁའི“ལམ་ཉེ”

    རང་ཉིད་ནི་རིག་གནས་དང་ཡི་གེའི་ལས་ཀ་བྱེད་མཁན་ཞིག་ཡིན་པས། སྐྱེ་ས་འཚར་སའི་ཕ་ཡུལ་ཞིང་ཁུལ་གྱི་སོ་ནམ་རིག་གནས་ཙམ་མ་ཟད། ཡུལ་གཞན་གྱི་ཡུལ་སྲོལ་གོམས་གཤིས་སོགས་ལའང་རྒྱུས་མངའ་ཅུང་ཟད་ཡོད་པར་སྙམ། བྱང་ཨ་མདོར་བཅའ་སྡོད་ལ་མ་ཐོན་གོང་ནས། ཁོ་བོས་བྱང་ཐང་འབྲོག་པའི་སྐད་ཀྱིས་གཙོས་པའི་ཡུལ་གོམས་གཤིས་ལུགས་ཅུང་ཟད་ཤེས་མོད། འོན་ཏེ། སྐབས་འགར་རང་གི་ལུས་སེམས་ཀྱིས་དངོས་སུ་མ་མྱངས་མ་བརྒྱུད་པར་གོ་ལོ་ཐོས་ལོ་བྱུང་བའི་གཏམ་རྒྱུད་རྣམས་ནི་དོན་དངོས་པོའི་གཤིས་ལུགས་དང་ཁ་ཐག་རིང་བར་མཐོང་།

    ལོ་གཅིག་གི་བཅའ་སྡོད་དེ་ནི་ཁོ་བོར་བྱང་ཐང་འབྲོག་པའི་འཚོ་བར་ཟབ་འཇུག་བྱེད་པའི་གོ་སྐབས་བཟང་པོ་ཞིག་བསྐྲུན་པ་དང་འདྲ་བས། ཁོ་བོས་ལོ་གཅིག་རིང་གྲོང་ཚོའི་ལས་དོན་སྒྲུབ་ཞོར་དུ་འབྲོག་པའི་སྐད་བརྡ་དང་། འཚོ་བའི་གོམས་གཤིས། འདུ་ཤེས་འཛིན་སྟངས་སོགས་ལ་ཉམས་ཞིབ་བྱས་པས། ད་གཟོད་དུས་རབས་ཀྱི་འཕེལ་རྒྱས་དང་འགྲོགས་པའི་བྱང་ཐང་འབྲོག་པའི་ཕ་ས་སྨུག་པོ་དེ་ཡང་སྔ་མོའི་གཏམ་རྒྱུད་ཁོ་ནར་ཐིམ་ནས་མ་བསྡད་པར། ཡར་རྒྱས་ཀྱི་འཕར་རྩ་ལྡིང་ཞིང་། ཤེས་དཔལ་གྱི་སྲོལ་བཟང་དར་བཞིན་ཡོད་པར་རྟོགས། དེ་བས་ཁྲག་རྒྱུན་དུ་ཐིམ་པའི་རང་ས་རང་ཡུལ་གྱི་སྐད་བརྡའི་གོམས་སྲོལ་རྣམས་རང་དགར་མ་བསྐྱུར་བར། སྔར་རྒྱུན་བཞིན་འཚོ་བའི་ཁྲོད་དུ་ལེགས་པར་སྤྱོད་པའི་སྲོལ་རྒྱུན་བཟང་པོ་དང་ལྡན་པ་ནི་ཕྱོགས་གང་སར་ཁྱབ་གདལ་དང་དར་སྤེལ་གཏོང་དགོས་པའི་གནད་དུ་མཐོང་།

    དེ་ཡང་། དུད་ཚང་དུ་འཚམས་འདྲིར་བསྐྱོད་པའི་ལས་དོན་སྤེལ་འགོ་ཚུགས་པའི་ཉིན་དང་པོར། ང་དང་ཚོན་ཀྲང་དབང་ཆེན་རི་མ་ཐང་དུ་གནས་པའི་དུད་ཚང་ཞིག་གི་སྒོ་ཁར་བསླེབས་འཕྲལ། སྒོ་ར་ནས་དོན་ཡོང་བཞིན་པའི་ཁྱིམ་བདག་དེས“ལམ་ཉེ”ཞེས་གདངས་རིང་པོས་འབོད་བཞིན་དུ་ཚོན་ཀྲང་དབང་ཆེན་ལ་འགྲམ་པ་སྦྱར། ཐོད་པ་གཏུགས། ཚོན་ཀྲང་དབང་ཆེན་གྱིས“ཉེ་བདེ”ཞེས་ཨ་ལན་བྱིན། ང་ནི་ཁ་ཡོད་ཀྱང་སྨྲ་བ་མེད་པར་ལོགས་སུ་ལྐུགས་པའི་བརྟུལ་ཞུགས་འཛིན་ནས་སྡོད་དགོས་བྱུང་། དུད་ཚང་དེ་ནས་ཐོན་རྗེས། ད་གཟོད་ངས་ཚོན་ཀྲང་དབང་ཆེན་གྱི་ངག་ནས“ལམ་ཉེ”ཞེས་པ་ནི་ཁམས་བདེའི་འཚམས་འདྲི་ཞིག་ཡིན་པ་དང་། དེའི་ལན་དུ“ཉེ་བདེ”ཞེས་བསློགས་དགོས་པར་ཤེས། ཕྱིས་སུ་བཅའ་སྡོད་ཀྱི་དུས་ཡུན་རིམ་གྱིས་རིང་དུ་སོང་བ་དང་བསྟུན་ནས། ཁོ་བོས་“ལམ་ཉེ”ཞེས་པའི་འཚམས་འདྲི་འདིའི་ཟབ་དོན་ལ་ངེས་ཤེས་གསལ་པོ་འདྲོངས་པ་མ་ཟད། དངོས་སུ་འཚོ་བའི་ཁྲོད་དུའང་སྤྱོད་ཤེས་པར་གྱུར།

    “ལམ་ཉེ”ཞེས་པ་འདི་ནི་དོན་སྙིང་ཅི་འདྲའི་ཟབ་པའི་ཁམས་བདེའི་འཚམས་འདྲི་ཞིག་མིན་ནམ། ཁ་ཐག་རྒྱང་བའི་ས་ནས་ཁྱེད་ཀྱི་ཕྱོགས་སུ་ལྷགས་པའི་མི་བུར་ཁམས་བདེའི་འཚམས་འདྲི་འདི་འདྲ་ཞིག་གནང་ན། འགྲུལ་བཞུད་ཀྱི་ངལ་དུབ་རྨང་ནས་བརྗེད་སྲིད་ལ། ཉིན་ནས་ཟླ་དང་ཟླ་ནས་ལོ་མཐུད་དེ་བརྩོན་འགྲུས་གྲོགས་སུ་བརྟེན་པའི་མི་བུར་ཁམས་བདེའི་འཚམས་འདྲི་འདི་འདྲ་ཞིག་གནང་ན། རྒྱལ་ཁའི་ལམ་དང་ཐག་ཉེ་བའི་སྨོན་ཚིག་བཟང་པོར་གོ་ནས་སེམས་ཀྱི་ཟབ་ས་ནས་དགའ་བའི་མེ་ཏོག་སྡུག་གུར་བཞད་སྲིད། དེ་བས། ལོ་གསར་རྙིང་གི་མཚམས་ཚིགས་ནས་འདུ་བྲལ་གྱི་གནས་སྐབས་ཅི་ཞིག་འཕྲད་རུང་། འདི་ལྟའི་མར་དྲི་ངང་ངམ་ཤུགས་སུ་འཐུལ་བའི་ཁམས་བདེའི་འཚམས་འདྲི་བཟང་པོ་གད་སྙིགས་བཞིན་མ་བསྐྱུར་བར་ལེགས་པར་སྤྱད་ན། གཟུགས་བཟང་གོས་བཟང་གིས་བརྒྱན་པའི་སྐུ་ཉིད་ལ་ངག་གི་རྒྱན་བཟང་པོ་རང་བཞིན་དུ་ལྡན་པ་ཡིན་ལ། སྨོན་ཚིག་བཟང་པོས་བཀྲ་ཤིས་དོན་གྲུབ་གཡང་དུ་བཀུག་ནས། ལོ་གསར་པར་རྒྱལ་ཁའི་ལམ་སྣེར་གང་མགྱོགས་འབྱོར་སྲིད།

    དུས་གཏན་དུ་བདེ་ཐང“ཚེ་རིང”ཤོག

    བོད་མི་རིགས་ནི་རིག་གནས་ཀྱི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པས། སྤྱི་དང་བྱེ་བྲག་གི་རིག་གནས་རྣམ་པ་ཕུན་སུམ་ཧ་ཅང་ཚོགས། ཁོ་བོ་བྱང་ཨ་མདོར་བཅའ་སྡོད་བྱས་རྗེས། བོད་མི་རིགས་ཀྱི་འདི་ལྟའི་རིག་གནས་ཀྱི་ཕུན་སུམ་ཚོགས་ལུགས་ཀྱང་སྐད་ལུགས་ཤིག་གི་ཆ་ནས་མངོན་ཐུབ་པ་རྟོགས་ཏེ། དཔེར་ན། སུ་ཞིག་ལ་ཕེབས་སྐྱེལ་ཞུ་བའམ་གང་ཞིག་དང་ཁ་གྱེས་སྐབས། བྱང་ཐང་འབྲོག་པས“ཚེ་རིང”ཞེས་གདངས་རིང་པོའི་ལམ་ནས་ནན་གྱིས་བརྗོད་པ་དེ་ནི་སྐད་ལུགས་གང་དེར་ལྡན་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ་མཐོང་། གལ་སྲིད་བྱང་ཐང་འབྲོག་པའི་འཚོ་བར་གོམས་ཆ་མེད་ཚེ། སྐད་ལུགས་འདི་རིགས་ལ་ལད་མོ་བྱས་ཀྱང་ཅུང་འདྲ་མི་ཆགས་པའི་སྣང་བ་ཞིག་སྟེར་བ་དང་། སྐབས་འགར་བཞད་གད་དུ་གྱུར་པའི་གནས་ཚུལ་ཡང་ཐོན་འོངས། ང་རང་གྲོང་ཚོར་སླེབས་མ་ཐག་པའི་ཉིན་ཞིག གྲོང་ཚོའི་རྩིས་པ་བཀྲ་ཤིས་བསམ་གྲུབ་གྲོང་ཚོ་ཨུ་ལྷན་དུ་སླེབས་པར་ངས་དཀའ་ཨེ་བྱུང་ངམ་ཡང་ན་ལམ་ཉེ་ཞེས་བརྗོད་སྙམ་མོད། ཁ་ནས་ཐད་ཀར“ཚེ་རིང”ཞེས་ཤོར་བས། བཀྲ་ཤིས་བསམ་གྲུབ་ཅི་བྱ་གཏོལ་བྲལ་དུ་གྱུར། ཡང་གྲོང་ཚོར་བཅའ་སྡོད་བྱས་ནས་ཟླ་བ་གསུམ་ལྷག་ཙམ་སོང་རྗེས། ལས་ཁུངས་ནས་ཁ་ལོ་བ་གསར་པ་ཞིག་མངགས། ཉིན་ཞིག་ང་ཚོ་གྲོང་ཚོ་ནས་ཐོན་ཁར་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་སེམས་རྩ་འཁོལ་པོས“ཚེ་རིང”ཞེས་གདངས་རིང་པོས་བརྗོད་པར། ཁ་ལོ་བ་དེས་ཐད་ཀར་མིའི་མིང་འབོད་པ་ལྟ་བུས་ཚེ་རིང་ཞེས་བརྗོད་པས། དེར་ཡོད་ཚང་མ་ཧབ་ཆ་དི་རི་རི་ཤོར།

    གང་ལྟར་ཀྱང་། གྲོང་ཚོར་བཅའ་སྡོད་ལོ་གཅིག་བྱས་པ་ལས། ཁོ་བོས“ཚེ་རིང”ནི་སྨོན་ཚིག་གི་རྒྱལ་པོ་ལྟ་བུ་ཡིན་པར་ཤེས་ཤིང་། སྨོན་ཚིག་འདི་ལྟ་བུ་གྲ་མི་ཆག་གྲུ་མི་ཉམས་པར་ང་ཚོའི་རྒྱུན་གཏན་འཚོ་བའི་ཁྲོད་དུ་སྤྱོད་གལ་ཆེ་བར་སྙམ། དེས་ན། ང་ཚོས་སྨོན་ཚིག་བཟང་པོ་ཁ་ནས་བསྒྲོན། རྟག་གུས་སྦྱོར་བ་ལུས་ཀྱིས་བརྩམས་ན། ནམ་ཞིག་ང་ཚོའི་སྤྱི་ཚོཊ་འདི་ཉིད་མཐུན་པ་སྤུན་བཞི་ལྟར་འཆམ་མཐུན་ལྡན་པར་གྱུར་ངེས་ལགས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།