ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱེད་ཀྱི་ཡིན།
ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། དཔལ་ལྡན་དོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་མི་དམངས་དང་བོད་ཀྱི་ཆོས་ལུགས་ལས་དོན་ཐུགས་ལ་བཅངས་ནས་གཙུག་ལག་ཁང་དང་། བཀྲ་ཤིས་ལྷུན་པོ་དགོན། འབྲས་སྤུངས་དགོན་བཅས་སུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། པཎ་ཆེན་རིན་པོ་ཆེའི་གུས་མཇལ་ཐེངས་གཉིས་དང་ལེན་གནང་བ་རེད། ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་ཕེབས་ནས་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་པ་དང་། མི་རིགས་ཁག་དང་ལས་རིགས་ཁག་ལ་གཟིགས་པར་ཕེབས་པས། རང་ཉིད་ལ་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་མཇལ་རྒྱུ་བྱུང་བ་མ་ཟད་མཉམ་པར་ཡང་རྒྱག་པའི་སྐལ་བ་བཟང་པོ་ཐོབ་ནས་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་ཆོས་ལུགས་ལས་རིགས་ལ་ཐུགས་ཁུར་གནང་བར་མྱོང་ཚོར་ཟབ་མོ་བྱུང་ལ་སྤོབས་སེམས་ཀྱང་ཆེན་པོ་སྐྱེས་བྱུང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལོ་ལྟར་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་དང་བཞུགས་མོལ་གནང་བ་དང་། སྐབས་གསར་པའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་ཚན་ཁག་དང་བཞུགས་མོལ་གནང་བ། རྟག་ཏུ་དགོན་སྡེར་བརྟག་ཞིབ་གནང་བར་ཕེབས་ཏེ་ཆོས་ལུགས་ལས་རིགས་དང་སྤེལ་རེས་གནང་བ་དང་ཏང་གི་མཛད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་གནང་ནས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཏང་དང་སྲིད་གཞུང་དང་བློ་མཐུན་སེམས་མཐུན་དང་། བློ་ཁ་གཅིག་ཕྱོགས། བསམ་སྦྱོར་གཅིག་མཚུངས་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་གནང་བ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་ཁྲིད་སྟོན་འོག་སེར་སྐྱ་མང་ཚོགས་ཀྱིས་ཐུན་མོང་ཐོག་ཏང་གི་བཀའ་དྲིན་ཚོར་ཡོད། དུས་རབས་གསར་པའི་ཏང་གི་ཆོས་ལུགས་སྲིད་ཇུས་ཀྱི་འབོད་སྐུལ་འོག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དབུ་ཁྲིད་འོག་གུས་པས་ངེས་པར་དུ་རང་དཔེ་གཞན་སྟོན་གྱིས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”ཏན་ཏིག་ཐུབ་པ་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི“ཚད་གཞི་བཞིའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་ནན་ཏན་ངང་ལག་ལེན་བསྟར་རྒྱུའི་སྣེ་ཁྲིད་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི“བཟང་པོ་བཞི་ལྡན་གྱི་གྲྭ་བཙུན”བྱས་ཏེ“སྲོལ་རྒྱུན་བཟང་པོ་ལྔ”དར་སྤེལ་གཏོང་དགོས་པའི་བླང་བྱ་ལག་བསྟར་བྱེད་པ། རང་ངོས་ཀྱི་རང་སྟོབས་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་དང་དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་བླང་བྱ་དེ་ཆོས་ལུགས་ནན་པོས་སྐྱོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། བསྟན་དོན་དགོངས་འགྲེལ་དང་དགོན་སྡེ་དོ་དམ་གྱི་ལས་དོན་ཁག་ཏུ་ཁྱབ་པ་བྱས་ནས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་རང་རྟོགས་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་སེམས་ནུས་གཅིག་སྒྲིལ་བྱ་རྒྱུར་ཁྲིད་སྟོན་བྱས་ནས“འདུ་ཤེས་གསུམ”བརྟན་པོ་འཛུགས་པ་དང་། “མོས་སེམས་ལྔ”ཟབ་ཏུ་ཏན་ཏིག་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུ་ཡིན།
རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག“ཁྲིམས་མཐུན་ལུགས་མཐུན་ངང་ཆོས་ལུགས་ལས་དོན་ལ་སྐུལ་འདེད་གཏོང་བ”ཞེས་པའི་ལྟེ་བའི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ《ཕྱོགས་ཡོངས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལོ་ལྔའི་ལས་དོན་རྩ་གནད》གཞི་འཛིན་སར་བྱས་ཏེ། ལམ་ལུགས་ཀྱི་ངོས་ནས《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་ཁྲིམས་སྐྱོང་སྙིང་སྟོབས་དང་ལྟེ་བའི་རིན་ཐང་ལྟ་བར་གནད་ལ་འཁེལ་བའི་སྒོ་ནས་སྦྲེལ་མཐུད་བྱས་པ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྐོར་གྱི་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱེད་སྐབས“རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་པ། ཀྲུང་དབྱང་སྲིད་གཞུང་གིས་ཆོག་མཆན་འགོད་པ”བཅས་ཀྱི་རྩ་དོན་ལ་ངོས་འཛིན་གཅིག་མཐུན་བྱུང་ཡོད། རིགས་པའི་གཞུང་ལུགས་ཀྱི་ངོས་ནས་ལས་འཛིན་གྱི་ཁྲིམས་སྐྱོང་སྦྱོང་བརྡར་གཏིང་ཟབ་སྤེལ་བ་དང་། ལས་འཛིན་ལྷན་ཚོགས་དང་དེ་བཞིན་བསྟན་དོན་དགོངས་འགྲེལ་གྱི་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་ཏེ་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཚད་ལྡན་དུ་གཏོང་བའི་ནང་དོན་ཚུད་པའི་འདུ་ཤེས་གསུམ་དང་མཉམ་འདྲེས་གསུམ(བསྟན་དོན་དགོངས་འགྲེལ་དེ་གྲྭ་བཙུན་གྱི་སློབ་གསོ་དོ་དམ་དང་མཉམ་འདྲེས། རྒྱུན་གཏན་གྱི་དཔེ་ཁྲིད་དང་མཉམ་འདྲེས། དགོན་སྡེའི་ལས་དོན་ཁག་དང་མཉམ་འདྲེས་བྱེད་པའི་ནུས་ལྡན་ལམ་སྲོལ་འཚོལ་ཞིབ་དང་འཐུས་སྒོ་ཚང་དུ་གཏོང་བ)གྱི་འཆད་འགྲེལ་མ་ལག་བཙུགས་ཡོད། ལག་ལེན་གྱི་ངོས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་བཅའ་ཁྲིམས་སློབ་སྦྱོང་བྱེད་པའི་ལམ་སྲོལ་བཙུཌ་ཏེ། “བཅའ་ཁྲིམས་དགོན་སྡེར་སྐྱེལ་བའི”གནད་སྨིན་ཇུས་འདོན་ལ་དམིགས་ནས་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཆོས་ལུགས་ཁྲིམས་སྲོལ་དང་དེ་བཞིན་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་འགྲེལ་བཤད་བརྒྱབ་པ་དང་། གྱོད་དཔེ་དང་ཟུང་འབྲེལ་གྱིས་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་སྲུང་སྐྱོང་བྱས་ཡོད།
ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆོས་སྲོལ་གྱི་མངོན་གསལ་དོད་པའི་གནད་དོན་སེལ་བ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་རོགས་རམ་བྱེད་པ་བཅས་ཀྱི་ཆེད་དུ། གྲོན་ཆུང་བསྲི་ཚགས་དང་རྒྱས་སྤྲོས་སྤོང་བའི་སྟོན་ཕྱོགས་ལ་དམིགས་པ་དང་། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་སྔོན་ཐོན་དཔེ་མཚོན་མཉམ་འགུལ་བྱེད་པ། “ཁྲིམས་སྲོལ་སློབ་སྦྱོང་དང་། འདུལ་ཁྲིམས་གཙང་སྲུང་། སྒོམ་སྒྲུབ་ལ་མཐོང་ཆེན། གཟུགས་བརྙན་གཏོད་པ”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། གྲྭ་བཙུན་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་ཁྲིམས་སྲུང་སྡོམ་སྲུང་གི་འགན་འཁྲི་ལག་ལེན་བསྟར་ནས་ཆོས་སྲོལ་གཙང་མ་དེ་བོད་བརྒྱུད་ནང་བསྟན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ། གྲོན་ཆུང་བསྲི་ཚགས་ཀྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱས་སྤྲོས་ཆུད་ཟོས་གཏན་འགོག་བྱེད་པ། ཆོས་ལུགས་བྱེད་སྒོའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དགོས་མེད་ཀྱི་བརྒྱུད་རིམ་ཉུང་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྒྲོག་འགྲེལ་བྱེད་པ་དང“མོས་སེམས་ལྔ”ཟབ་ཏུ་བཏང་སྟེ། གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་གྲོན་ཆུང་ལ་བརྩི་མཐོང་དང་རྒྱས་སྤྲོས་སྤོང་བ་དང་། དད་སྦྱོར་ཡང་དག་བྱ་རྒྱུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།