ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)
རང་ངོས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡིན།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་བཀྲ་ཤིས་དགེ་འཕེལ་དགོན་གྱི་སྤྲུལ་སྐུ། ཁྱུང་པོ།
2022ལོར་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཁྲོད་དུ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས་ཚུན། རང་དགོན་པའི་དགེ་འདུན་པས་དང་ལེན་ཧུར་ཐག་ཞུས་པ་དང་སློབ་གསོའི་ནང་ནན་ཏན་གྱིས་ཞུགས་ཏེ། རང་རྟོགས་ངང་སློབ་སྦྱོང་གི་ཕན་འབྲས་དེ་རང་དགོན་པས་གསར་གཏོད་ལག་བསྟར་བྱས་པའི་རང་ངོས་དོ་དམ་དཔྱད་བསྡུར་དང་། ཚོགས་ཆུང་མཉམ་འབྲེལ་གྱིས་དཔྱད་བསྡུར། སློབ་རོགས་དཔྱད་རོགས། ཕ་རོལ་པོས་གདེང་འཇོག་དཔྱད་བསྡུར། དཔེ་སྟོན་དང་ཚད་གཞི་འཛུགས་པ། ཕྱིར་ཕུད་དང་སྐུལ་ལྕག་གཏོང་བ་བཅས“རང་ངོས་དོ་དམ་དྲུག”གི་ལམ་སྲོལ་དང་ཟུང་འབྲེལ་བྱས་ཤིང་། རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་གཅུན་འདོམ་བྱེད་པ་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། 2024ལོའི་ཟླ་11པར་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ང་ཚོའི་དགོན་པར་བརྟག་ཞིབ་གནང་སྐབས་བྱེད་ཐབས་དེར་གདེང་འཇོག་ཆེན་པོ་གནང་བ་དང་འབྲེལ། ང་ཚོར་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཆོག་གི་ཐུགས་རེ་ཟབ་མོ་དང་སློབ་སྟོན་ཟབ་མོ་བྱ་སྤྱོད་དངོས་སུ་འགྱུར་བ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་སྐུ་ཡོན་ཆེ་བ། ཀུན་སྤྱོད་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ་བཅས་བྱེད་དགོས་པའི་སྐུལ་ལྕག་གནང་བྱུང་།
ལོ་གཅིག་གི་རིང་ང་ཚོའི་དགོན་པས་ཐོག་མཐའ་བར་གསུམ་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་དེ་དགོན་སྡེ་ཡོངས་ཀྱི་དགེ་འདུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོའི་ནང་ཧུར་ཐག་ཞུགས་པ་དང་། ཉམས་མྱོང་དང་བྱེད་ཐབས་ཕྱོགས་སྡོམ་དང་གདམ་གསེས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། 2025ལོའི་ཟླ་10པར་ང་ཚོའི་དགོན་པའི་རང་ངོས་དོ་དམ་དྲུག་གི་ལམ་སྲོལ་ལ་རང་སྐྱོང་ལྗོངས་སྒྱུར་བཅོས་གཞུང་དོན་ཁང་དང་ཀྲུང་དབྱང་བོད་ཀྱི་གཞུང་དོན་ཁང་གིས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཡོད། དེ་དང་ཆབས་ཅིག ང་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གཞིར་བཟུང་ཏང་ཨུད་དང་སྲིད་གཞུང་གིས་དགོན་སྡེའི་གྲྭ་བཙུན་ལ་བཏོན་པའི་བླང་བྱ་དང་། རྫོང་ཡོངས་ཀྱི་གཙོ་གནད་ལས་ཀའི་ལས་འགན་དང་གྲྭ་བཙུན་གྱི་དངོས་ཡོད་གནས་ཚུལ། དེ་བཞིན་དགོན་སྡེ་དོ་དམ་ཁྲོད་ནས་ཤེས་རྟོགས་བྱུང་བའི་གནད་དོན་དང་ཟུང་འབྲེལ་ཧུར་ཐག་བྱས་ཏེ། ལོ་འཁོར་གྱི་དཔྱད་བསྡུར་དམིགས་ཚད་དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་རང་ངོས་དོ་དམ་དྲུག་གི་ལམ་སྲོལ་གྱི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་བསྡུར་ལས་དོན་ནན་ཏན་གྱིས་སྤེལ་ཡོད།
དཔྱད་ཞིབ་ཁག་དྲུག་མཇུག་འགྲིལ་རྗེས་ང་ཚོས་དབྱེ་ཞིབ་དང་ཕྱོགས་སྡོམ་ཚོགས་འདུ་འཚོགས་ནས་དཔྱད་ཞིབ་གནས་ཚུལ་གྱི་སྙན་ཞུ་ཉན་ཏེ་སྐར་མ་95དང་དེ་ཡན་ཕུལ་བྱུང་དང་། སྐར་མ་60ནས་94བར་ཚད་ལོན་པ། སྐར་མ་59དང་དེ་མན་ཚད་མ་ལོན་པའི་ཚད་གཞི་གཞིར་བཟུང་། ལོ་འཁོར་གྱི་ཕུལ་བྱུང་གྲྭ་བཙུན་དང་ཚད་མ་ལོན་པའི་གྲྭ་བཙུན་ལ་ཞིབ་འཇུག་དང་དཔྱད་བསྡུར་གཏན་འབེབས་བྱེད་ཀྱི་ཡོད། ལོ་དེ་རང་དུ་ཚད་གཞི་མ་ལོན་པའི་དགེ་འདུན་པར་སྐྱོན་བརྗོད་དང་བསླབ་འདོམས་སྐུལ་ལྕག་བྱས་ནས་སྲིད་གཞུང་གིས་དགེ་འདུན་པར་ཕན་འདོགས་པའི་ཐོབ་ཐང་དང་ཕུལ་བྱུང་དཔྱད་འདེམས་ཀྱི་ཐོབ་ཐང་གཞན་དག་མེད་པ་བཟོས་ཏེ། རང་ཉིད་ཀྱི་དཔེ་ཆའི་དགེ་རྒན་དང་ཆ་སྒྲིག་ལས་བྱེད་པས་དུས་བཀག་ཐོག་སློབ་གསོ་གཏོང་རྒྱུ་དང་། ལོ་གཉིས་བསྟུད་མར་དཔྱད་ཞིབ་ཀྱི་ཚད་གཞི་མ་ལོན་པའི་དགེ་འདུན་པར་དཔེ་ཆའི་དགེ་རྒན་གྱིས་སློབ་གསོ་གཏོང་བ་དང་དོ་དམ་ནན་པོ་བྱེད་དགོས་པའི་བཀའ་གཏོང་རྒྱུ་མ་ཟད། དགོན་སྡེར་བཞག་ནས་ལྟ་ཞིབ་ལོ་གཅིག་བྱ་རྒྱུ། ལོ་གསུམ་བསྟུད་མར་དཔྱད་ཞིབ་ཀྱི་ཚད་གཞི་མ་ལོན་པའི་དགེ་འདུན་པར་འབྲེལ་ཡོད་སྡེ་ཚན་ལ་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པ་བཟོ་རྒྱུའི་སྙན་སེང་ཞུ་བ་དང་དགོན་སྡེ་ནས་ཕྱིར་འབུད་བྱེད་ཀྱི་ཡོད།
ལམ་སྲོལ་དེ་རྒྱུན་མཐུད་ངང་ལག་བསྟར་བྱས་པ་བརྒྱུད། དགོན་སྡེ་ཡོངས་ཀྱི་དགེ་འདུན་པས་མི་སྒེར་ཡར་ཐོན་ཡོང་བ་བྱེད་པའི་འཕེལ་ཕྱོགས་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་པ་དང་། ད་ཆ་དགེ་འདུན་པ་38ཀྱི་ཁྲོད་ནས་མི་11གིས་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། དགོན་སྡེ་དོ་དམ་ཨུ་ལྷན་ཁྲོད་ཁག་སོ་སོར་བབས་བསྟུན་གྱི་འགན་འཁྲི་འཁུར་བཞིན་ཡོད། མི་གཅིག་ལ་མཐོ་རམས་པའི་མཚན་གནས་ཐོབ་ཡོད། “མི་གཅིག་གིས་འདུལ་ཁྲིམས་ལས་འགལ་ཚེ། མི་ཚང་མས་དོགས་ཟོན་བྱེད་དགོས་པའི”ཁྲིད་སྟོན་བྱེད་ཕྱོགས་རིམ་བཞིན་བཙུགས་པ་དང་། 2022ལོར་དཔྱད་ཞིབ་ཀྱི་ཚད་གཞི་མ་ལོན་པ་མ་ཟད་སྒྲིག་འགལ་ཚབ་ཆེན་བྱས་པའི་དགེ་འདུན་པ་1དགོན་པའི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བ་དང་། དགོན་པ་ཡོངས་ཀྱི་དགེ་འདུན་པར་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་དང་དགོན་པའི་སྒྲིག་སྲོལ་དང་སྡོམ་ཁྲིམས་ལ་བརྩི་སྲུང་ཏན་ཏིག་ཞུ་རྒྱུར་སློབ་གསོ་གཅུན་སྡོམ་བྱུང་ཡོད་། ཉེ་བའི་ལོ་གསུམ་རིང་རང་དགོན་པར་སྐྱིད་སྡུག་ནས་ཕྱིར་འབུད་བཏང་བའི་དགེ་འདུན་པ་གཅིག་ཀྱང་ཐོན་མེད།
ལོ་མང་རིང་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གསོ་སྐྱོང་ཐོབ་པའི་ན་གཞོན་སྤྲུལ་སྐུ་ཞིག་ཡིན་པའི་གུས་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཚད་གཞི་བཞི་ལ་བརྩི་སྲུང་ནན་ཏན་ཞུ་བ་དང་། དགེ་འདུན་པར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རང་རྟོགས་ངང“སྲོལ་རྒྱུན་བཟང་པོ་ལྔ”དར་སྤེལ་བཏང་ནས་བཟང་པོ་བཞི་ལྡན་གྱི་གྲྭ་བཙུན་ཞིག་བྱ་རྒྱུའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ་དང་། ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་དགོན་སྡེའི་རྒྱུན་གཏན་གྱི་དོ་དམ་ནང་ཁྱབ་པར་བྱས་ཏེ། “འདུ་ཤེས་གསུམ”སྔར་བས་བརྟན་དུ་གཏོང་བ་དང་། དགེ་འདུན་པའི་ཕྱོགས་བསྡུས་གདེང་འཇོག་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་རང་གཅུན་རང་འདོམས་དང་། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་དགག་པ་གཏིང་ཟབ་རྒྱག་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུས་ནས“མོས་སེམས་ལྔ”ཆེ་རུ་ཧུར་ཐག་བཏང་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་གི་ཡིན།
འབྲེལ་ཡོད་གསར་འགྱུར།