དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད། (གནད་བསྡུས)

    དམ་པ་དོན་གཉེར་དང་སེམས་ཤུགས་གཅིག་སྒྲིལ་གྱིས་བྱས་རྗེས་གསར་པ་འཇོག་གི་ཡིན།

    བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོའི་དཔེ་ཆའི་དགེ་རྒན། བཟོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-31

    ལོ་མང་རིང་། དཔེ་ཆའི་དགེ་རྒན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་“‘ཚད་གཞི་བཞི’དང་མཐུན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སྣ་གསོ་སྐྱོང་བྱ་རྒྱུ”ལྟེ་བར་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་འདུ་ཤེས་དེ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་མི་སྣ་གསོ་སྐྱོང་གི་ལས་དོན་ཁག་ནང་ཁྱབ་པར་བྱས་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་འདུ་ཤེས་དེ་སློབ་ཁྲིད་དང་སློབ་མ་གསོ་སྐྱོང་བྱེད་པའི་བརྒྱུད་རིམ་ཁག་ཏུ་ཁྱབ་པར་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི“རིམ་གསུམ་མཚན་གནས”ཀྱི་ལམ་ལུགས་དེ་ལག་ལེན་དངོས་ཀྱི་ཐོག་ནས་འཐུས་ཚང་དུ་བཏང་ཡོད། དགེ་བའི་བཤེས་གཉེན་རྣམས་ཀྱིས་གྲྭ་བཙུན་སློབ་མར་ཕྱོགས་ནས་རང་གི་བུ་བཞིན་སྐྱོང་བ་དང་ཆོས་དོན་དགོངས་འགྲེལ་བྱེད་རྒྱུ་དེ་ལངས་ཕྱོགས་ངོས་འཛིན་གྱི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྲིད་སྟོན་དང་སྐྱེད་སྲིང་བྱེད་བཞིན་ཡོད། ལྷག་པར་དུ་བོད་ལྗོངས་ནང་བསྟན་སློབ་གྲྭ་ཆེན་མོས་བཙུན་མའི་འཛིན་གྲྭ་ཐོག་མར་བཙུགས་ཏེ། བཙུན་མའི་དཔེ་ཆའི་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་བྱེད་ཀྱི་ཡོད་པས། ཕོ་མོ་འདྲ་མཉམ་ཡིན་པ་དེ་ལག་ལེན་དུ་འཁྱོལ་བ་མ་ཟད། བཙུན་མར་ཡང་ཕྱོགས་ཡོངས་ཀྱི་ཐོག་ནས་བོད་བརྒྱུད་ནང་བསྟན་གྱི་སློབ་གསོ་ཐོབ་པ་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་ཡང་རྒྱ་ཆེར་བཏང་ཡོད་ཅིང་། ང་ཚོས་བྱམས་སྙིང་རྗེའི་བསམ་པ་དེ་རྒྱལ་ཁབ་ཀྱི་ལ་རྒྱའི་ཐོག་ནས་དགོངས་འགྲེལ་བྱེད་བཞིན་ཡོད། ནང་བསྟན་གྱི་སློབ་ཚན་དང་སྤྱི་པའི་སློབ་ཚན་གཉིས་ཀྱི་སློབ་ཁྲིད་མ་ལག་འཛུགས་པ། གསུང་རབ་ཟབ་མོ་རྒྱུན་འཛིན་དང་བསམ་བློའི་ཁྲིད་སྟོན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཆོས་དོན་དགོངས་འགྲེལ་དང་མི་སྣ་གསོ་སྐྱོང་གཅིག་གྱུར་ཡོང་བར་བྱས་ཡོད། གོ་བདེའི་སྐད་ཆས“མོས་སེམས་ལྔ”ལ་དགོངས་འགྲེལ་བྱས་ཤིང་། བོད་ལྗོངས་ཀྱི་འཕེལ་རྒྱས་དང་དམངས་དོན་གྱི་དཔེ་མཚོན་ལས་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་དེ་གསོན་ཉམས་དོད་པོ་ཡོང་བར་བྱས་ཡོད། སློབ་གཉེར་གྱི་ཕྱོགས་ནས། བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་སློབ་སྦྱོང་གི་གནས་ཚུལ་ལ་བལྟས་ན། དགོན་པའི་སྲོལ་རྒྱུན་གྱི་གསང་སྔགས་སློབ་སྦྱོང་བྱེད་སྟངས་དང་བསྡུར་ན་ནང་བསྟན་སློབ་གླིང་གི་གསང་སྔགས་འཛིན་གྲྭར་བརྒྱུད་རིམ་ལྡན་པའི་སློབ་ཡུན་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་ཀྱི་ཡོད། སློབ་གྲྭར་ཞུགས་སྐབས་རྒྱུགས་སྤྲོད་ནན་པོ་བྱེད་དགོས་པ་དང་སློབ་སྦྱོང་བྱེད་རིང་རྒྱུན་རྣམ་ཅན་གྱི་དཔྱད་ཞིབ་བྱེད་ཀྱི་ཡོད། སློབ་གྲྭ་ཐོན་སྐབས་ད་དུང་ཡིག་རྒྱུགས་ཀྱི་རྩོད་ལན་འདེབས་དགོས་པ་དང་ཚད་གཞི་ལོན་རྗེས་གཞི་ནས་སྔགས་རམས་པའི་སློབ་གནས་སྤྲོད་ཀྱི་ཡོད། སློབ་མ་རྣམས་ཀྱིས་ནང་བསྟན་རིག་པ་སློབ་སྦྱོང་བྱེད་ཞོར་དུ། ད་དུང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་། བོད་ཀྱི་བརྡ་སྤྲོད། རྩིས་འཁོར། ལུས་རྩལ་སོགས་སྤྱི་པའི་རིག་གནས་སློབ་ཚན་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་ཐུབ་པ་བྱས་ནས་རིག་གནས་ཀྱི་བྱང་ཚད་དང་ཆོས་ལུགས་ཀྱི་སློབ་ཁྲིད་དུས་མཚུངས་སུ་ཡར་རྒྱས་ཡོང་གི་ཡོད། “འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་སྲ་བརྟན་བཏང་བ་བརྒྱུད། སློབ་མས་རང་འགུལ་ངང་ནང་བསྟན་གསུང་རབ་ལ་དགོངས་འགྲེལ་བྱེད་པ་དང་ཟུང་འབྲེལ་གྱིས་རྒྱལ་གཅེས་ཀྱི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མཉམ་སྤྱོད་བྱེད་བཞིན་ཡོད། གཟའ་འཁོར་རེའི་གཟའ་ཟླ་བར་དགེ་རྒན་དང་སློབ་མ་ཡོངས་རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་གཏོང་བའི་བྱེད་སྒོར་ཞུགས་པ་དང་། སློབ་གྲྭས་ལོ་ལྟར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས་སྙན་ངག་གྱེར་འདོན་འགྲན་བསྡུར་ཡང་གཉེར་གྱི་ཡོད། དེ་བཞིན་ལོ་ལྟར་དཔྱིད་གསར་དུས་ཆེན་དང་ཟླ་མཆོད་དུས་ཆེན་སོགས་ཀྲུང་ཧྭའི་སྲོལ་རྒྱུན་དུས་ཆེན་གྱི་སྐབས། ཚང་མས་ད་དུང་མཉམ་དུ་ཙུང་ཙི་བཟོ་བ་དང་ཟླ་མཆོད་བག་ལེབ་བཟོས་ནས་ཚ་ཚ་འུར་འུར་གྱིས་བྱེད་སྒོ་སྤེལ་རིང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་མྱོང་རོལ་བྱེད་བཞིན་ཡོད། ད་ལོའི་ཟླ་བ་བདུན་པ་ནས་བཟུང་། ང་ཚོས་ད་དུང་ལྗོངས་ཡོངས་ཀྱི་དགོན་སྡེ་ཁག་ནས་གསར་དུ་བསྡུས་པའི་གྲྭ་བཙུན་ཟབ་སྦྱོང་གི་སློབ་ཁྲིད་ལས་འགན་འཁུར་ཡོད་པས་གྲུབ་འབྲས་དེ་དག་ལྗོངས་ཡོངས་སུ་ཁྱབ་པ་བྱས་ཡོད།

    དགེ་སློབ་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ། “དུས་བསྟུན་འཕེལ་རྒྱས་དང་འཇིག་རྟེན་ལུགས་དང་མཐུན་པའི”འདུ་ཤེས་བཟུང་སྟེ། བསྟན་དོན་དང་འདུལ་ཁྲིམས་ལ་གསལ་འགྲེལ་བྱ་རྒྱུར་དམ་འཛིན་བྱས་ནས། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་འགྲེལ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་གི་ཡོད། ད་ལོ་ངེད་སློབ་གྲྭས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དགོངས་འགྲེལ་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་གཙོ་གཉེར་བྱས་པ་དང་། རྒྱལ་ཡོངས་ཀྱི་ནང་བསྟན་ཞིབ་འཇུག་རིགས་གཅིག་མཁས་ཅན་དང་། རང་རེའི་སློབ་གླིང་གི་དགེ་སློབ། ལས་བྱེད་ལས་བཟོ་བཅས་900ལྷག་ཙམ་ཚོགས་འདུར་ཞུགས་ནས། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བ་ཞེས་པའི་བརྗོད་བྱར་དམིགས་ཏེ། དཔྱད་རྩོམ་68བསྡུས་པའི་ནང་སྤུས་ལེགས་ཀྱི་དཔྱད་རྩོམ་14སྤེལ་རེས་བྱས་ཡོད། སློབ་གླིང་དགེ་རྒན་གྱི་འཐུས་མི་འཚང་ཁ་ཤིག་ཤིག་ངང་ཞུགས་པ་དང་ཚོགས་འདུའི་ཐོག་དཔྱད་རྩོམ་སྤེལ་རེས་ཀྱང་བྱས་ཡོད། ད་ལོའི་ཟླ་11པར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ཆེན་མོ་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་བའི་བསྟན་དོན་འཆད་འགྲེལ་བགྲོ་གླེང་ཚོགས་འདུ་སྐབས་བཅུ་བཞི་པའི་ཐོག ངེད་སློབ་གླིང་གི་དཔེ་ཆའི་དགེ་རྒན་དང་སློབ་མ་2ནས་དཔྱད་རྩོམ་སྤེལ་རེས་བྱས་པ་དང་། སློབ་མ་ཚེ་རིང་སྒྲོལ་དཀར་གྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཐོག་ནས《“འདུལ་ཁྲིམས་གཙང་སྲུང་གཙོ་བཟུང”བྱེད་པ་ནས“ཁྲིམས་བཞིན་ལག་ལེན་བྱེད་པ”》ཞེས་པར་གདེང་འཇོག་ཆེན་པོ་ཐོབ་ཡོད། རིམ་ཁག་བསྟན་དོན་འཆད་འགྲེལ་བགྲོ་གླེང་ཚོགས་འདུས་དགེ་རྒན་དང་སློབ་མར་ཤེས་རྒྱ་མངོན་པ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་ལས་སྟེགས་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། དེ་དང་མཉམ་དུ། དགེ་རྒན་དང་སློབ་མའི་རིག་གཞུང་དཔྱད་རྩོམ་གྱི་རྩོམ་འབྲིའི་ནུས་པ་ཡང་སྦྱོང་བརྡར་དང་མཐོར་འདེགས་བྱུང་ཡོད། ཉེ་དུས། ངེད་སློབ་གླིང་གི་དཔེ་ཆའི་དགེ་རྒན་1གིས《བོད་ལྗོངས་སློབ་ཆེན་རིག་གཞུང་དུས་དེབ》ཐོག་དཔྱད་རྩོམ་སྤེལ་བ་དེས། དེང་རབས་ཅན་གྱི་རིག་གཞུང་ཞིབ་འཇུག་ཐབས་ལམ་ཐོག་ཞུགས་པར་མིག་དཔེ་བཟང་པོ་བཏོད་ཡོད།

    སློབ་མ་རྣམས་སློབ་ཐོན་བྱས་ནས་རྒྱལ་ཁའི་ངང་རང་ཉིད་ཀྱི་དགོན་པར་ལོག་འགྲོ་སྐབས་གུས་པར་བརྗོད་མི་ཤེས་པའི་དགའ་ཚོར་ཡོང་གི་འདུག ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཐོན་སློབ་མ་མང་པོ་ཞིག་གིས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་། སྲིད་གྲོས། གཞོན་ནུ་མཉམ་འབྲེལ་ལྷན་ཚོགས། ནང་བསྟན་མཐུན་ཚོགས། དགོན་སྡེ་དོ་དམ་ཨུ་ལྷན་བཅས་སུ་ལས་གནས་ཁུར་ནས། རང་རྟོགས་ངང་ཏང་དང་སྲིད་གཞུང་གི་ཁྲིམས་ལྟར་དོ་དམ་ལ་བརྩི་བཀུར་ཞུ་བ་དང་། དགོན་སྡེའི་ལས་དོན་ལ་གཞོགས་འདེགས་བྱེད་པ། དགེ་འདུན་པའི་སློབ་གསོ་སྤེལ་ནས་ཏང་གི་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་དང་ཏང་སྲིད་ཀྱི་དྲོ་སྐྱིད་བརྒྱུད་སྤྲོད་བྱེད་པ། དེ་བས་ཀྱང་རྩ་ཆེ་བ་ཞིག་ནི་ཁོང་ཚོས་རང་དཔེ་གཞན་སྟོན་གྱིས་ཉེ་འགྲམ་གྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ། ལངས་ཕྱོགས་བརྟན་པོ་དང་། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད། ཁ་ཡོད་ལག་ཡོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།