དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བརྩེ་མཐུན་རོགས་ལོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  སྙན་རྐང་གླིང་།   |     སྤེལ་དུས།  2025-12-30

    བརྩེ་བ་སེམས་ཀྱིས་བསྐྱངས་ན། །

    ལུས་སེམས་སྐྱིད་ལ་འཁོད་ཡོང་། །

    མེ་ཏོག་ཆུ་ཡིས་གཉོར་ན། །

    འདབ་ལོར་མཛེས་སྡུག་བཀྲ་ཡོང་། །


    མཚན་གྱི་སྒེའུ་ཁུང་འཁྲིས་སུ། །

    དཀར་གསལ་ཟླ་བ་འཕྲོ་དུས། །

    ཞེ་འདྲིས་སྙིང་གི་བྱམས་པ། །

    མཇལ་བའི་སྣང་བ་རྩེན་བྱུང་། །


    བྱམས་པ་བྱམས་པ་ཟེར་ན། །

    ཚེ་ཡི་གྲོགས་ཤིག་ཡིན་དུས། །

    མི་ཚེ་མ་རྫོགས་བར་དུ། །

    བྱམས་པ་ཁྱོད་དང་རོལ་ཡོད། །


    བྱམས་པའི་ལས་འཕྲོ་དམར་པོ། །

    ང་ཡི་སྙིང་ཁར་ཟུག་བྱུང་། །

    མི་ཚེ་རིང་ཐུང་འགྲོགས་ཏེ། །

    དགའ་སྐྱོ་མཉམ་དུ་རོལ་འགྲོ །


    ཚེས་ཆེན་བཅོ་ལྔའི་ཟླ་བ། །

    དེ་འདྲའི་དཀར་གསལ་དོད་པ། །

    སྙིང་ནས་འདྲིས་པའི་བྱམས་པ། །

    ཡིད་ཁར་ཡང་ཡང་འཁོར་བྱུང་། །


    སྟོན་རླུང་བསིལ་བསིལ་ལྡང་བྱུང་། །

    སེར་ཆེན་འདབ་མ་འཐོར་སོང་། །

    ང་དང་བྱམས་པའི་བརྩེ་བ། །

    རྡོ་རྗེ་བྲག་ལས་བརྟན་པ། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།