ཤོག་བྱ། མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་བཟང་།

འདི་ནི་སྟག་རྩེ་ཆུས་ཀྱི་ཨ་ཁུ་སྟོན་པའི་ཤོག་བྱའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་ཡིན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་སྟོན་པའི་སྲོལ་རྒྱུན་རི་མོ་སྤྱད་ནས་བཟོས་པའི་ཤོག་བྱ་ཡིན་པ།

འདི་ནི་གྲོང་མི་ཞིག་གིས་ཤོག་བྱའི་རིག་གནས་ཤེས་རྟོགས་བྱེད་བཞིན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་སྟོན་པའི་བཟོ་ལྟ་སྣ་ཚོགས་ཀྱི་ཤོག་བྱ་ཡིན་པ།

འདི་ནི་བོད་རིགས་བུ་མོས་ཤོག་བྱ་གློད་བཞིན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་གྲོང་མི་ཚོས་ཤོག་བྱའི་སྟེང་གི་རི་མོར་ལྟ་བཞིན་པ། (པར་ངོས་འདིའི་པར་རིས་ཚང་མ་བོད་ལྗོངས་ཤོག་བྱ་མཐུན་ཚོགས་ཀྱིས་མཁོ་འདོན་བྱས)

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་བཤམས་པའི་བོད་ཀྱི་མི་རིགས་རྒྱན་གོས་ཡིན་པ།

འདི་ནི་ཤོག་བྱའི་འཁོར་ལོ་ཡིན་པ།

འདི་ནི་ཤོག་བྱའི་བསམ་བཀོད་ཀྱི་ལག་རྟགས་ཡིན་པ།

འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།
ཉིན་ཤས་གོང་། “བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ—ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཨ་ཁུ་སྟོན་པའི་ཤོག་བྱའི་རིག་གནས་ཡུལ་སྐོར་དུས་ཚིགས”སྟག་རྩེ་ཆུས་སུ་གཉེར་འགོ་ཚུགས་ཤིང་། རིག་གནས་དགའ་སྟོན་དེ་ལས“ཨ་ཁུ་སྟོན་པའི་རིག་གནས་རྒྱུན་འཛིན་གྱིས། ཤོག་བྱའི་ངོ་མཚར་སྒྱུ་རྩལ་མཛེས་སྡུག་མངོན”ཞེས་པས་གཙོ་བོར་བྱས་ཏེ། ས་མཐོའི་ཡུལ་ལུང་ཆེན་པོར་དམངས་སྲོལ་གྱི་གཞི་རྒྱུ་དང་དུས་རབས་ཀྱི་བསྟོད་གླུ་མཉམ་འདྲེས་ངང་རང་སྐྱོང་ལྗོངས་ཀྱི་ལོ་ངོ་60རིང་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་མི་ཆོས་རིག་གནས་དར་འཕེལ་ལ་གསོན་ཉམས་ལྡན་པའི་གསལ་འགྲེལ་བྱས་ཡོད།
བྱེད་སྒོའི་ཉིན་དང་པོར་གར་སྟེགས་གཙོ་བོའི་འཁྲབ་སྟོན་ཁུལ་དུ་འགོ་ཚུགས་མཛད་སྒོ་གཉེར་ཞིང་། གར་སྟེགས་ཇུས་འགོད་ཐད“སྤྲིན་གསེབ་ཀྱི་སྟག་རྩེའི”གོ་དོན་དང་ཤོག་བྱའི་བཟོ་དབྱིབས་གཞི་རྒྱུ་མཉམ་འདྲེས་གང་ལེགས་བྱས་པ་དང་། རྒྱབ་ལྗོངས་LEDབརྙན་ཤེལ་ཆེན་པོར་མངོན་མིན་རིག་གནས་ཤུལ་བཞག་ཤོག་བྱ་གཙོ་བོར་བྱས་པ་དང་གཞོགས་གཉིས་སུ་སྟག་རྩེའི་རི་ཆུའི་རི་མོས་བརྒྱན་པ། བོད་ལུགས་ཀྱི་སྦྲ་གུར་20ཡིས་ལྟད་མོ་བའི་འདུག་སྟེགས་བསྐོར་ནས་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་མངོན་ཡོད། ལེ་ཚན་དང་པོ་ལྷ་མོའི་ཟློས་གར《བཀྲ་ཤིས་པ》ཞེས་པས་མཛེས་པའི་རྒྱན་གོས་དང་འཁྲབ་སྟོན་ཁྱད་འཕགས་ལ་བརྟེན་ནས་སྲོལ་རྒྱུན་དམངས་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་བསྐྱར་དུ་མངོན་པ་དང་། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་ཚོགས་གཙོ་བསྟན་འཛིན་གྱི་བརྩེ་བ་ཟབ་པའི་གླུ་གཞས་དང་གཞས་མ་སྐལ་བཟང་གཡུ་སྒྲོན་གྱི་སྙན་པའི་གྲེ་འགྱུར་ལ་ས་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ། ཞབས་བྲོ《ལུག་ཆུང》དང《སྐྱིད་པའི་དབྱངས་རྟ》ལས་བོད་རིགས་མི་དམངས་ཀྱི་སྤྲོ་སེམས་དང་དཔའ་ངར་ཇི་མ་ཇི་བཞིན་དུ་མཚོན་པས་གར་སྟེགས་འོག་གི་ལྟད་མོ་བ་རྣམས་དགའ་སྤྲོའི་དཔལ་ལ་རོལ། མི་མི་ཉུང་བ་ཞིག་གིས་ཡར་ལངས་ནས་ཞབས་བྲོ་མཉམ་འཁྲབ་བྱས་པ་རེད། ཡིད་དབང་འཕྲོག་ཆེ་ཤོས་ཀྱི་ལེ་ཚན་ནི《སྤྲིན་གསེབ་ཀྱི་སྟག་རྩེ》ཞེས་པ་དེ་ཡིན་ཞིང་། LEDབརྙན་ཤེལ་ཆེན་པོ་ནས་སྟག་རྩེ་ཆུས་ཀྱི་ལོ་ངོ་60རིང་གི་འཕོ་འགྱུར་རེས་མོས་ངང་མངོན་པ་སྟེ། ས་ལམ་ནས་སྣུམ་ནག་ལམ་དང་། སྦྲ་གུར་ནས་བོད་བཟོའི་ཐོག་ཁང་། ལག་ཤེས་ངལ་རྩོལ་ནས་ཐོན་ལས་ཀྱི་བར་དར་རྒྱས་བྱུང་བ་ལས་སྟག་རྩེའི་མང་ཚོགས་རྣམས་ཚོར་སྣང་ཟབ་མོ་བྱུང་ཡོད།
མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་རིག་གནས་ཐད་ཀྱི་རིགས་གཅིག་མཁས་ཅན་གྱིས་བྱེད་སྒོའི་གཏན་འཇགས་ཀྱི་དུས་མཚམས་སུ་འགྲེལ་བཤད་དང་མཉམ་འགུལ་བྱས་ནས་ས་ཡུལ་དངོས་ཀྱི་མང་ཚོགས་ལ་ཤོག་བྱའི་རིག་གནས་ཁྱབ་གདལ་བཏང་ཡོད། “ཨ་ཁུ་སྟོན་པ་ནི་བོད་རིགས་མི་སེར་གྱི་བློ་གྲོས་ཀྱི་རྣམ་སྤྲུལ་ལྟ་བུ་ཡིན་ལ། ཤོག་བྱ་ནི་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་དར་ཁྱབ་བྱུང་ནས་མེས་པོའི་སྨོན་འདུན་བཟང་པོ་དང་ལོ་ལེགས་ཀྱི་རེ་འདུན་མཚོན་ཡོད”ཅེས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པས་བཀྲ་ཤིས་རྟགས་བརྒྱད་བྲིས་པའི་ཤོག་བྱར་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱས་ཤིང་། ཁོང་གིས། རང་ཡུལ་གྱི་སྨྱུག་མའི་རྒྱུ་ཆ་འདེམས་པ་དང་། སོལ་མེ་བསྲེགས་ནས་སྐེམ་པ། ཤོག་བྱ་སྦྱར་བཟོ། རི་མོ་འབྲི་བ་བཅས་ཀྱི་ལས་རིམ་རེ་རེར་བོད་རིགས་མང་ཚོགས་ཀྱི་བློ་གྲོས་འདུས་ཡོད་ཅེས་བརྗོད།
མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དང་ཞིང་འབྲོག་འགྲེམས་འཚོང་ཆེད་ཁུལ་དུ་འཚོ་བའི་ཉམས་སྣང་དང་རིག་གནས་ཀྱི་རོ་བཅུད་འདུས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་གི་འགྲེམས་གནས་སུ་བོད་བཟོའི་ཟངས་ཀྱི་ཅ་དངོས་ཀྱི་གཟི་མདངས་མངོན་པ་དང་། གཟིམ་སྤོས་ཀྱི་དྲི་ཞིམ་འཐུལ་བ། བསླས་འཐག་བཟོ་རྩལ་ཐོན་རྫས་ཡིད་དུ་འོང་བ། ལག་ཤེས་བཟོ་རྩལ་པས་ས་ཡུལ་དངོས་སུ་བཟོ་སྟངས་སྟོན་པ་བཅས་བྱས་པ་མ་ཟད། ཞིང་འབྲོག་ཐོན་རྫས་ཀྱི་འགྲེམས་གནས་ཀྱི་མདུན་དུ་ནས་ཀྱི་ཀ་ར་གོ་སྲབ་དང་ས་མཐོའི་དཀར་ཆུའི་ཐོན་རྫས་སོགས་རང་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་ནས་ཡུལ་སྐོར་བས་བྲོ་བ་མྱོང་བ་དང་བྲིན་ཁ་རྒྱུག་ཅིང་། གང་སར་འཁྲུག་ཆ་ཧ་ཅང་དོད།
འབྲེལ་ཡོད་གསར་འགྱུར།