བྲོས་བྱོལ།
(འདོན་ཐེངས་གོང་མར་མཐུད) “ལྟོས་དང་། མདའ་རྩེ་འདིར་བལྟས་ན་ཕ་གི་རིན་ཆེན་སྡིངས་གྲོང་ཚོ་ཡིན་ས་རེད” ལྷག་རྡོར་གྱིས་ཉེ་འདབས་ཀྱི་གྲོང་སྡེར་མཛུབ་མོ་འཛུགས་བཞིན་དེ་ལྟར་བཤད་དེ། ཡང་བསྐྱར་ཧུང་ཉིའུ་རྔམ་འཐུང་བྱས་ནས་ལྕགས་ཀྲིན་སྟོང་པ་ཟམ་འོག་ཏུ་དབྱུགས་པར། “ཀྲ་ལང”ཞེས་པའི་སྒྲ་ཞིག་ལྷང་ལྷང་དུ་གྲགས། “འཐུངས་ཚར་སོང་ངམ། ཚར་ན་འགྲོ” ཁོས་ང་ལ་ཁ་བསློགས་ནས་དེ་སྐད་ཟེར་བས། ངས་ཁོའི་གདོང་ལས་འཚབ་འཚུབ་ཀྱི་ངང་ཚུལ་ཞིག་མཐོང་།
“སྤོ་བོ་ལགས། བཀྲས་ཁང་ལ་གང་འདྲ་ཟེ་འགྲོ་དགོས་སམ”
ང་གཉིས་ཀྱིས་ཟམ་པ་དོན་མཚམས་སུ་སྦག་སྦག་ཁ་བཀག་པ་དང་། རྐང་ཐང་མར་གྲོང་སྡེའི་དཀྱིལ་དུ་ཡོད་པའི་སྲང་ལམ་དེད་ནས་འགྲོ་སྐབས། ལག་ཏུ་འཁར་བ་ཐོགས་པའི་སྤོ་བོ་ཞིག་དང་འཕྲད་པས། ལྷག་རྡོར་གྱིས་དེ་ལྟར་དྲིས།
“སྟར་པ་གསུམ་པའི་ཁང་པ་དཀྱིལ་མ་དེ་རེད། སུ་འཚོལ་མཁན་ཡིན་ནམ” སྤོ་བོ་ལགས་ཀྱིས་འཁར་བ་འཕྱར་ནས་ང་གཉིས་ལ་ངག་དབང་གི་ཁྱིམ་བསྟན་པ་དང་སྦྲགས་དེ་ལྟར་དྲིས།
“ང་གཉིས་རྫོང་སློབ་འབྲིང་གི་དགེ་རྒན་ཡིན། བཀྲས་ཁང་གི་བུ་ངག་དབང་མདང་ནུབ་བྲོས་འདུག་པས། བསུ་བར་ཡོང་བ་ཡིན”
“བྱས་ན་ཁྱེད་གཉིས་ཡོང་ས་ནོར་བ་རེད། ངག་དབང་གི་མ་ཁེར་མོ་དེ་དབྱར་སར་སྡོད་གཅིག་མ་རེད། ཕལ་ཆེར་ངག་དབང་ཁོ་ཡང་དབྱར་སར་ལོག་ཡོད་ཀྱི་རེད”
ཀླད་ཐོག་གི་ནམ་མཁའ་སྔོན་པོ་ནས་གློ་བུར་དུ་འབྲུག་སྒྲ་གྲགས་པ་དང་གཉིས་སུ་མེད་པའི་སྤོ་བོའི་སྐད་ཆ་དེ་ཐོས་མ་ཐག ལྷག་རྡོར་གྱི་གདོང་མདོག་དེ་མ་ཉིད་དུ་འགྱུར་སོང་།
“སྤོ་བོ་ལགས། བྱས་ན་ཁོ་ཚང་གི་དབྱར་ས་གང་དུ་ཡོད” ངས་དོ་གལ་ཆེན་པོས་དྲིས།
“ཡ་གིའི་རི་ཟུར་བསྒྲལ་མཚམས་ཀྱི་སྤང་ཁུག་དེ་ན་ཡོད”
“ཨ་ལས། བྱས་ན་སྟབས་ཡག་སོང” ངག་དབང་ལོག་སའི་དབྱར་ས་དེ་ཐག་རིང་ཞིག་ན་མེད་དམ་སྙམ་ནས་སེམས་ཁྲལ་བྱེད་བཞིན་པའི་ལྷག་རྡོར་གྱིས་འཕྲལ་མར་དེ་ལྟར་ལན་བཏབ།
ལམ་གྱི་གཡས་གཡོན་དུ་མཐོན་པོར་འགྱིང་བའི་རི་ཚོགས་སྤྱིར་ན་ནག་སྨུག་སྨུག་གི་རྫ་རི་ཤ་སྟག་ཡིན་པས། རི་ཟུར་བསྒྲལ་མཚམས་ཀྱི་སྤང་ཁུག་དེ་ནི་རྒྱ་ལམ་འགྲུལ་པའི་མིག་ངོར་མངོན་གསལ་ཤིན་ཏུ་དོད། རྒྱ་ལམ་དེ་ནས་བགྲོད་མཁན་གྱི་འགྲུལ་པ་ཡིན་ཕྱིན་སྤང་ཁུག་དེ་གར་ངལ་གསོ་བར་མ་ཕྱིན་ཡང་མིག་གིས་ལོངས་སྤྱོད་ཐེངས་གཅིག་མ་བྱས་ན་ཕངས་སེམས་ཀྱི་རྒྱུ་རུ་གྱུར་ངེས།
སྤོ་བོ་ལགས་ཀྱི་ངག་ནས་རི་ཟུར་བསྒྲལ་མཚམས་ཀྱི་སྤང་ཁུག་ཟེར་མ་ཐག་ངའི་ཡིད་ལ་ད་གིན་ལམ་བར་ནས་མཐོང་བའི་སྤང་ཁུག་དེ་ཝ་ལེར་འཆར། ཕལ་ཆེར་ལྷག་རྡོར་ལའང་ང་དང་འདྲ་བའི་སེམས་འགྱུ་དེ་ལྟ་བུ་ཞིག་འཆར་ཡོད་པ་སྨོས་མ་དགོས། དེ་མིན་ན་ཁོའི་ངག་ནས་ཀྱང“བྱས་ན་སྟབས་ཡག་སོང”ཞེས་པའི་སྐད་ཆ་འདི་འདྲ་ཐོན་མི་སྲིད།
གྱད་མི་བཞིན་མཐོན་པོར་འགྱིང་བའི་རྫ་རི། ལྷ་ཆབ་བཞིན་དྭངས་ཁྲུམ་ཁྲུམ་དུ་འབབ་པའི་རྦབ་ཆུ། ཤང་ཤང་གི་གླུ་ཆུང་ལེན་བཞིན་པའི་ཆུ་ཕྲན། ང་གཉིས་སྔར་ལམ་དེད་ནས་ལོག་པའི་ལམ་དུ་སྦག་སྦག་དལ་མོར་བཏང་ནས་ཉེ་འཁོར་གྱི་ཁོ་ར་ཁོར་ཡུག་མིག་གིས་འཚོས། སེམས་ཀྱིས་མྱངས།
“དངོས་གནས་ཆུང་དུས་ལུང་པའི་ཕུ་ལ་ལུག་འཚོ་བར་ཕྱིན་པའི་དུས་སྐབས་དེ་ཡང་དྲན་བྱུང” དར་ཙམ་ནས་ལྷག་རྡོར་གྱིས་སྐད་ཤུགས་ཆུང་ངུས་ང་ལ་དེ་སྐད་ཟེར།
“ཝ་ཡེ། ངག་དབང་ནང་བཞིན་སློབ་བྱོལ་བྱས་ནས་ལུག་འཚོ་བར་ཕྱིན་པ་མ་རེད་པཱ” ངས་ཆོབ་དང་སྦྲགས་ནས་དེ་ལྟར་དྲིས།
“ཁོ་ནང་བཞིན་བསྐལ་པ་བཟང་པོ་དེ་འདྲ་ག་པར་ཡོག་རས། དེ་དུས་ཏོག་ཙམ་མ་གཏོགས་ནང་མིས་སློབ་གྲྭ་ནས་འཐེན་གྲབས་བྱས་བྱུང” ལྷག་རྡོར་གྱིས་སྐྱོ་བའི་གདངས་དང་བཅས་ཏེ་བཤད།
“བྱས་ན། ངག་དབང་ཁོ་དང་རྦད་དེ་ལོག་བཀར་རེད་འདུག” ངས་ཅི་ཞིག་ཧ་གོ་བ་ལྟར་ཁོ་གཉིས་དགེ་སློབ་གཉིས་ཀྱི་ལས་ལ་སྡོམ་ཚིག་དེ་འདྲ་ཞིག་བཀོད།
“ད་ག་ལེར་གཏོང་ཨང། རི་ཟུར་སླེབས་གྲབས་འདུག ”
ཡུད་ཙམ་རིང་ཁ་རོག་ཏུ་བསྡད་པའི་ལྷག་རྡོར་གྱིས་གློ་བུར་དུ་དེ་ལྟར་ཟེར་དུས། ང་གཉིས་འཁར་བ་ཐོགས་པའི་སྤོ་བོ་ལགས་ཀྱིས་བསྟན་པའི་རི་ཟུར་དེར་བསླེབས། ལམ་ངོགས་སུ་འབུར་དུ་ཐོན་པའི་རི་ཟུར་དེ་ནས་ལམ་དང་ཆུ་ཕྲན་ཞིག་གིས་བཅད་པའི་ཕར་ངོགས་ནི་སྤང་རི་རེད་འདུག ང་གཉིས་ཀྱིས་སྦག་སྦག་ལམ་ཟུར་དུ་བཞག་ནས་སྤང་རིར་འཛེགས།
“སྟོད་གངས་དཀར་ཐོད་པ་དཀར་སེ་དཀར། བར་བྲག་གི་ཕྲག་པ་སྣུམ་སེ་སྣུམ། སྨད་སྤང་གི་གོས་རྒྱན་མཛེས་སེ་མཛེས” ང་གཉིས་སྤང་རིའི་སྐེད་མཚམས་སུ་སླེབས་སྐབས། ལྷག་རྡོར་གྱིས་མཐོན་པོར་བཀྱགས་པའི་ལག་གཡས་པ་གནས་དེའི་སྟོད་སྨད་བར་གསུམ་དུ་སྟོན་གྱིན་དེ་སྐད་ཟེར། དེ་དུས་ཁོ་ནི་རི་མཐོན་པོ་དང་། སྤང་སྣུམ་པོ། ཆུ་དྭངས་མ་བཅས་ལས་གྲུབ་པའི་ཡིད་འོང་གི་ཞིང་ཁམས་འདི་མཐོང་བ་ལས་བློ་བག་ཡངས་སུ་ཕྱིན་པའམ་ཡང་ན་ངག་དབང་ལོག་སའི་དབྱར་སའི་སྒོ་ཁར་འབྱོར་བས་སེམས་ཀྱི་དངངས་སྐྲག་ཞི་བ་ཅི་ཡིན་ཆ་མི་འཚལ་བར་དེ་ལྟར་སྙན་ངག་རེ་འདོན་པའམ་གླུ་ཆུང་རེ་ལེན་གྱིན་གདའ། ངས་ཁོའི་བྱ་བྱེད་ཡ་མ་གཟུགས་དེར་སྣང་བ་མ་བཏང་བར་མགོ་བོ་ཐོད་དུ་དགྱེ་བས། སྤང་རིའི་རྩེ་མོར་དུ་ཞག་ལང་ལོང་དུ་འཁྲིགས་པ་མཐོང་། དེ་འཕྲལ་ང་གཉིས་ཀྱིས་དུ་ཞག་འཕྱུར་སའི་ཕྱོགས་སུ་རྩེ་གཅིག་ཏུ་བསྙེགས།
ང་གཉིས་སྤང་རིའི་ཉག་ག་ཅིག་ཏུ་སླེབས་སྐབས། ཉག་ག་དེའི་ཤོད་དུ་སྦྲ་ཞིག་ཡོད་པ་མཐོང་། ང་གཉིས་སྦྲའི་ཕྱོགས་སུ་འགྲོ་སྐབས། ཏག་ཏག་སྦྲ་སྒོ་ནས་བུད་མེད་ཅིག་དོན་འོངས།
“ངག་དབང་ལོག་སླེབས་སོང་ངམ”
ལྷག་རྡོར་གྱིས་མིག་མདུན་གྱི་བུད་མེད་དེ་ངག་དབང་གི་ཨ་མ་ཡིན་པ་ཤེས་ཏེ་ཐད་ཀར་དེ་ལྟར་དྲིས།
“ཁོ་ཉལ་ནས་བསྡད་འདུག” བུད་མེད་དེས་ལག་ཏུ་བཟུང་བའི་ཐལ་གཞོང་གི་གོ་ཐལ་སྦྲ་འདབས་སུ་བཤོས་ནས་དེ་ལྟར་སྣང་མེད་དུ་བཤད་རྗེས་ཐད་ཀར་སྦྲ་གུར་དུ་འཛུལ།
ང་གཉིས་ཀྱིས་ཕན་ཚུན་གཅིག་གིས་གཅིག་ལ་ལྟ་ཙམ་རེ་བྱས་རྗེས་སྦྲ་གུར་གྱི་སྒོ་ཡོལ་ཕྱེ་ནས་ནང་དུ་འཛུལ།
ལྕགས་ཐབ་ལས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་འོངས་པས། སྦྲ་གུར་ནང་གི་ཅ་དངོས་རབ་རིབ་ཙམ་ལས་མི་གསལ་ཞིང་། རབ་རིབ་ཀྱི་དུ་ཞག་ཁྲོད་ནས་ངག་དབང་གར་ཡོད་འཚོལ་སྐབས་དུ་བ་མིག་ལ་འཛུལ་ནས་མིག་མཐའ་མཆི་མས་འཚོས། དུ་བ་ཅུང་ཟད་འཇགས་སྐབས། ངས་ད་གཟོད་རྡོའི་མལ་ཁྲི་ཞིག་གི་སྟེང་དུ་ལུས་སྨད་མལ་དུ་བཅུག་པ་དང་ལུས་སྟོད་ཙོག་གེར་བསྡད་པའི་ངག་དབང་གསལ་པོར་མཐོང་།
“ངག་དབང་། ཡར་ལོངས་ཤོག ཕྱི་དྲོ་ཞིབ་བཤེར་ལ་རྗེས་ཟིན་པ་བྱེད་དགོས། ཞིབ་བཤེར་ཚར་ན་ངས་གང་འདྲ་བྱེད་དགོས་མིན་བསམ་བློ་བཏང་ཆོག” ཐབ་ཟུར་དུ་ཙོག་པུར་བསྡད་པའི་ལྷག་རྡོར་གྱིས་ངག་འཇམ་པོས་དེ་ལྟར་བཤད་པ་དང་སྦྲགས། ངག་དབང་གི་འཁྲིས་སུ་བསྡད་པའི་ཁོའི་ཨ་མར་ལྟ་ཙམ་བྱས།
“བཟའ་ཟླ་གྲོངས་རྗེས་ཀྱི་མ་བུ་གཉིས་ཀྱི་འཚོ་བའི་དཀའ་ངལ་ནི་ལྷག་རྡོར་གྱིས་མི་ཤེས་པ་ག་ལ་སྲིད། འོན་ཀྱང་། ད་ལྟ་ནི་གལ་ཆེ་གལ་ཆུང་ལ་ཐུག་པའི་གནས་སྐབས་ཡིན་པས། ལྷག་རྡོར་ལའང་ཅི་ཁག” ངས་ངག་དབང་གི་ཁྱིམ་ཚང་གནས་ཚུལ་ཤེས་སྟབས། མཚམས་དེར་ཁོ་གཉིས་དགེ་སློབ་གཉིས་ཀར་གདུང་སེམས་དྲག་པོ་སྐྱེས་མུར་སེམས་ལ་དེ་ལྟར་འཁོར། དེ་ལྟར་འཁོར་བཞིན་འཁོར་བཞིན་གློ་བུར་དུ་སྦྲ་གུར་ནང་གི་དུ་ཞག་ཇེ་སྟུག་ནས་ཇེ་སྟུག་ཏུ་སོང་སྟེ་ཉེ་འཁོར་གྱི་ཅ་དངོས་ཐམས་ཅད་རིམ་གྱིས་མག་མོག་ཏུ་གྱུར།
“རྡང”
ང་གཉིད་ལས་སད།
“འོ་ཙི། ང་ནི་ང་རང་འཁྲུལ་བ་མིན་ནམ་བསམ་བྱུང” རྩིས་རིག་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཚེ་རིང་གིས་ལག་པས་ལས་སྟེགས་ཤུགས་ཀྱིས་བརྡུངས་པ་དང་སྦྲགས། ཡ་མཚན་གྱི་མིག་མདངས་ཀྱིས་ང་ལ་ལྟ་བཞིན་དུ་དེ་ལྟར་བཤད། ལྷག་རྡོར་གྱི་ལས་སྟེགས་སྟོང་པ་དེར་གཉིད་ཁུག་པའི་ངས་ཁོ་ལ་ཁ་ཡ་མ་བྱས་པར་ཐད་ཀར་སློབ་གྲྭའི་རྒྱལ་སྒོའི་འཁྲིས་སུ་ཡོད་པའི་ལས་རེས་ཁང་དུ་བསྐྱོད་པ་དང་། བདེ་སྲུང་བ་ངག་དབང་ཁྲིད་དེ་སྒེར་འཁོར་བཏང་ནས་མདང་ནུབ་བྲོས་བྱོལ་དུ་སོང་བའི་སློབ་ཕྲུག་དེ་བསུ་བར་ཐོན།
(རྫོགས་སོ)
འབྲེལ་ཡོད་གསར་འགྱུར།