དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • དགུན་དུས་ཀྱི་ཕ་ཡུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  འཇོ་མདའ་པདྨ།   |     སྤེལ་དུས།  2025-12-28

    སྤྲིན་པ་ལང་ལོང་གནམ་མཐའ་ནས་རྒྱུ། །

    ཁ་བ་ལྷབ་ལྷུབ་མཁའ་དབྱིངས་ནས་འབབ། །

    སྐར་མ་རུབ་རུབ་སྤྲིན་གསེབ་ནས་འཛུམ། །

    ཟླ་བ་གོར་གོར་ལ་རྩེ་ནས་མངོན། །

    མི་ཚོགས་ཤིག་ཤིག་གོ་ཁ་རུ་འཛོམས། །

    ལག་ཟུང་འདར་འདར་བྱ་གཞག་ལ་བྲེལ། །

    གཡང་གི་ནོར་གནག་རི་ཐང་དུ་ཡན། །

    རྫི་བོ་ཆུང་ཆུང་བག་ཡངས་སུ་རྩེན། །

    བྱ་ཁྱུ་ཚོམ་ཚོམ་བར་སྣང་ནས་འཕུར། །

    གཤོག་སྒྲོ་ལྷེབ་ལྷེབ་རྒྱང་རིང་དུ་བརྐྱངས། །

    རི་སྒང་རྫ་སྒང་ཁ་བ་ཡིས་བཀླུབས། །

    རི་དྭགས་སྣ་ཚོགས་རྩེད་འཇོ་ལ་རོལ། །

    ཁོ་ར་ཁོར་ཡུག་མཁའ་རླུང་ནི་གཙང་། །

    སོས་དལ་བག་ཕེབས་དགུན་དུས་ནི་སྐྱིད། །

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།