དགུན་གྱི་ཁ་བ།
རྒྱང་རིང་གི་རི་ཚོགས་ཀྱིས་གོས་དཀར་གྱི་ན་བཟའ་བཀླུབས་པ་མཐོང་དུས། སྙིང་ཉེ་བའི་མི་ལཊ། ཁྱེད་ཀྱིས་ཕ་ཡུལ་དྲན་ཨེ་བྱུང་། ཁ་བ་དྲན་ཨེ་བྱུང་།
ཕ་ཡུལ་ནི་རང་གི་ཤ་གསེང་རུས་གསེང་དང་ཟུངས་ཁྲག་གི་བཞུར་རྒྱུན་ཁྲོད་འདྲེས་ཡོད་པས། ཕ་ཡུལ་མེད་ན། ང་རང་ནི་མི་ཡུལ་འདིར་གར་འགྲོ་འདི་འགྲོ་མེད་པའི་འཁྱམ་པོ་ཞིག་དང་། འཁེན་ས་བརྟེན་ས་མེད་པའི་དྭ་ཕྲུག་ལྟ་བུ་ཞིག་ཡིན་ངེས།
ད་ལོའི་དགུན་གསེང་མ་བཏང་བར་དུ་ང་རང་ཕ་ཡུལ་ལ་ཐེངས་གཅིག་ཀྱང་ལོག་མ་ཐུབ། དེ་རིང་ཕ་ཡུལ་དུ་ཁ་བ་བབས་འདུག་ཅིང་། ཨ་མས་ཁ་བ་བབས་པའི་ཕ་ཡུལ་གྱི་རྣམ་པ་ཁ་པར་གྱི་བརྙན་ཐུང་བརྒྱུད་དེ་ང་ལ་བསྐུར་འདུག སྐབས་དེར། ངས་གཞི་ནས་ཕ་ཡུལ་དྲན་པའི་ཨམ་གཙིགས་སྡོམ་ཐུབ་མ་བྱུང་། ཡིད་ཀྱི་ཟབ་ས་ཞིག་ནས། ཆུ་ཤེལ་བཞིན་གྱི་མིག་ཆུའི་ཐིགས་པ་རེ་རེ་སྟོན་ལོ་ས་ལ་ཟགས་པ་བཞིན་རང་དབང་མེད་པར་ཁ་བ་མེད་པའི་གྲོང་ཁྱེར་འདིའི་ངོ་གདོང་ལ་ཐིམ་ན་ཡང་། སྐྱོ་གདུང་གི་མིག་ཆུ་ལ་ཨ་ལན་མེད་ལ། གྱེས་བྲལ་གྱི་སེམས་པ་ལ་སྐྱོར་མཁན་མེད་པར། ཁ་བའི་ཁྲོད་དུ་འཚར་ལོངས་བྱུང་བའི་བྱིས་པ་དེ། ད་ལྟ་ས་མཐའི་འཁྱམ་པོ་ཞིག་ཏུ་གྱུར་པའི་ལས་དབང་སྡུག་པོ། སུ་ཞིག་གིས་ད་གཟོད་དྲོད་ཀྱིས་སྐྱོང་ཐུབ།
སྐྱེ་བོ་མང་པོས་དགུན་གྱི་ཁ་བར་ངང་སྒུག་བྱེད་བཞིན་ཡོད་ཅིང་། དེ་ལས་ཀྱང་། ཕ་ཡུལ་དུ་ལོག་མ་ཐུབ་པ་དག་ལ་མཚོན་ན། ཁ་བ་ནི་ནང་སེམས་ཀྱི་དྲན་གདུང་གསོ་བའི་སྨན་མཆོག་ཅིག་ཅི་ལ་མིན་ཨང་། ངས་དགུན་ཟླ་རིང་མོ་འདིར་ཁ་བས་གཡོགས་པའི་རྒྱང་རིང་གི་རི་ཚོགས་ལ་ཅེར་ནས། བསྒུགས་བསྒུགས་མཐར། མདང་ནུབ་ང་རང་ཡོད་སའི་གྲོང་ཁྱེར་འདི་རུ་ཡང་ཁ་བ་ཅུང་མཐུག་པོ་ཞིག་བབས་འདུག་ཕྱིར། གཞུང་ལམ་དུ་སྣུམ་ཞག་འཁྱིལ་བ་དང་། སེམས་པ་ནི་དྲོད་ལམ་ལམ། དགའ་ལྷང་ལྷང་། འཛུམ་འཁྱིལ་ལེར་གྱུར་སོང་། མུན་ནག་གིས་བཟུང་བའི་སེམས་པའི་སྒེའུ་ཁུང་ནང་འོད་ཐིག་གཉོམ་པོ་ཞིག་འཕྲོས་ཡོང་། ཟི་ལིང་གྲོང་ཁྱེར་གྱི་དགུན་ཁ་ཤིན་ཏུ་འཁྱགས་ཀྱང་ཁ་བ་འབབ་གྲངས་ནི་དངོས་ནས་ཉུང་ཉུང་རེད་ལ། དབྱར་ཁའང་དེ་ཇི་བཞིན་ཚ་གདུག་ཆེ་ཡང་། ཆར་པ་འབབ་གྲངས་ཉུང་ཉུང་རེད།
ཡིན་ཡང་། ད་ལོར་དགུན་ཁ་ཤར་ནས་ཡུན་རིང་མ་འགོར་བར་ཁ་བ་བབས་པས། གོས་དཀར་གྱི་མགྲོན་པོ་འདིས་གྲོང་ཁྱེར་འདི་ལ་དར་དཀར་གྱི་གོས་ལྭ་གསར་པ་ཞིག་བཀླུབས་སོང་ལ། ཡུན་རིང་ངང་སྒུག་བྱས་པའི་ངའི་བསམ་འདུན་ཡང་ཡོངས་སུ་བསྐངས། ཁ་བ་བབས་པའི་དུས་འདི་ལ། ངས་དོན་གྲུབ་རྒྱལ་གྱི《རྩྭ་ཐང་དྲན་གླུའི》ཚིག་ཚན་དང་པོ་ཡིད་ལ་ཝ་ལེར་དྲན་ཡོང་བ་སྟེ། “བདག་ནི་ལྷ་ཡུལ་ལྟ་བུའི་རྒྱལ་ས་ན་གནས་ཀྱང་། །ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་རང་མི་འདུག །མཛེས་སྡུག་ལྡན་པའི་ཕ་ཡུལ་རྩྭ་ཐང་དེ་དྲན་དུས། །བདག་གི་སེམས་འདི་རྟ་ཕོ་གཤོག་ཐོགས་དང་འདྲ་བྱུང་། །”ཞེས་པའི་སྙན་ཚིག་འདི་ནི་ད་ལྟའི་ངའི་སེམས་ཁམས་དང་ཅི་འདྲའི་འཕྲོད་ཨང་།
ཁ་བའི་མགྲོན་པོ་ཁྱེད་རང་ཕེབས་པས། ངས་དྲན་པས་མ་ཟིན་པའི་ཕ་ཡུལ་ལྷག་ཏུ་དྲན་ཡོང་། ཁོ་བོས་འདི་ལྟར་གྲོང་ཁྱེར་འདིའི་ཁ་བ་གོས་སུ་གྱོན་ནས་ཕ་ཡུལ་དང་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དྲན་འོང་བས། ངས་དེ་མུར་ཁ་བའི་མཇལ་དར་གྱིས་ཕ་མ་དང་ཕུ་ནུ་མིང་སྲིང་ཚོར་ཁམས་བདེ་ཞུ་བར་ཐལ།
དགུན་གྱི་ཁ་བ་ལགས། ཁྱེད་ནི་ཕ་ཡུལ་གྱིས་ང་ལ་བཞག་པའི་དྲན་ཤིང་ཡིན་ནམ། ཁྱེད་རང་ངའི་འཇིག་རྟེན་ལ་ལོག་ཐེངས་རེར། ང་ནི་ཁྱེད་ལ་ཤིན་ཏུ་དགའ་ཞིང་རབ་ཏུ་དུངས། ཁྱེད་ནི་ཕྱིར་ལོག་མ་ཐུབ་པའི་ངེད་ཅག་གི་ཁེར་རྐྱང་གི་སེམས་པ་གློད་ས་དང་དྲན་པ་ཉར་ས་ཡིན་ལ། ཁྱེད་ནི་རྒྱང་རིང་གི་ཕ་ཡུལ་དྲན་སྟངས་ཤིག་རེད། ཕ་ཡུལ་དྲན་པའི་ངས་ཁྱེད་རང་གྲོང་ཁྱེར་འདི་ནས་ཡུན་རིང་དུ་བཞུ་རྒྱུ་མེད་ན་སྙམ། གནས་འདིར། དགུན་ཟླ་ཧྲིལ་པོར་དཀར་བོང་བོང་གི་འཇིག་རྟེན་ཞིག་ཡིན་ན་སྙམ། གལ་སྲིད། དབྱར་ཟླ་དྲུག་པ་ནི་གནམ་རྒན་མའི་མིག་ཆུ་ཡིན་ན། དགུན་ཟླ་བཅུ་པའི་ཁ་བ་ནི་ངང་སྒུག་གི་འབྲས་བུ་སྨིན་སའི་ཞིང་ས་གཤིན་པོ་ཅི་ལ་མིན་ཨང་།
ཀྱེ། ངང་སྒུག་ཁྲོད་ཀྱི་ཁ་བ། སྙིང་ཉེ་བའི་ཁ་བ་ལགས།
འབྲེལ་ཡོད་གསར་འགྱུར།