དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་མ་ལགས། ངའི་མི་ཚེའི་རྒྱན་ཆ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཉི་མ་ཆོས་གྲུབ།   |     སྤེལ་དུས།  2025-12-21

    ང་རང་བྱིས་པ་ཡིན་དུས། ཨ་མ་ལགས་ནི་ནམ་ཡང་གཞོམ་གཞིག་བྲལ་བའི་རི་རྒྱལ་ལྟ་བུ་ཡིན་པས། ཁོང་གིས་ཆར་རླུང་གི་འཐབ་ས་མདུན་མར་ཞུགས་ཏེ་ང་རང་བསྲུངས། ཨ་མ་ལགས་ཀྱི་རྒྱབ་སླེལ་དུ་ནང་མི་ཚོའི་རེ་བ་བརྒྱངས་ཤིང་། ཨ་མ་ལགས་ཀྱི་མདུན་རུམ་དུ་དྲོད་འཇམ་གྱི་བར་མཐོངས་ཤིག་ང་ལ་བཞག་ཡོད། དེའི་དུས། ངའི་སེམས་ཁོང་དུ་ཨ་མ་ལགས་ནི་དཀའ་ལས་ཚར་རྒྱུ་མེད་པ་རྒྱག་མཁན་ཞིག་དང་། ངའི་རེ་བ་ཚང་མ་ཇི་མི་སྙམ་པར་སྒྲུབ་མཁན་ཞིག་ཏུ་མཐོང་།

    ང་རང་གཞོན་ནུ་ཞིག་ཡིན་དུས། ང་རང་མདའ་གཡབ་ནས་འཕུར་མ་མཆོངས་ཀྱི་བྱེའུ་ཆུང་ཞིག་དང་འདྲ་བར། གཤོག་ཟུང་བརྐྱངས་ཤིང་བརྡབས་ནས་འཚོ་བའི་མཁའ་དབྱིངས་སུ་ནམ་འཕང་བཅད། ཨ་མ་ལགས་ཀྱིས་ལམ་ཟུར་ནས་ང་རང་ལ་རྒྱང་སྐྱེལ་གྱི་ཕྱག་གཡོབ་གནང་དུས། ཁྱེད་ཀྱི་འཇམ་མཉེན་སྐྲ་ལོ་དང་ཕྱུ་པའི་ཐུལ་སྣེ་རླུང་བུས་གཡོས། གུས་པའི་ཕྱི་མིག་གི་མཐོང་ལམ་དུ་གྱུར་པ་ནི་ཚོན་ཁྲ་མེད་པའི་འདྲ་པར་རྙིང་པ་ཞིག་དང་འདྲ་བར། སྙིང་ཁོང་གི་གཏིང་རིམ་དུ་ཐིམ། དེའི་ཚེ་དེའི་དུས། ཨ་མ་ལགས་ཀྱི་སྤྱན་ཟུང་གི་དགོད་འཛུམ་ཀློང་དུ། མཆི་མའི་ཟེར་ཕྲེང་ཡོད་པའི་རྒྱུ་མཚན་ངས་མ་ཤེས།

    ང་རང་དར་མའི་ལོ་ཚོད་ལ་སླེབས་སོང་། ཨ་མ་ལགས་ཀྱིས་བསྣུན་པའི་འོ་མའི་ཐིགས་ཕྲེང་རེ་རེ། ད་ཆ་ངའི་ལུས་ཟུངས་ཀྱི་ཁྲག་རྒྱུན་དང་འདྲེས་སོང་། ངས་འཇིག་རྟེན་མི་ཆོས་ཀྱི་དཀའ་སྡུག་གི་འཕྲང་ལམ་འགྲིམ་དུས། ཨ་མ་ལགས་ཀྱིས་སྐབས་དེ་དུས་སྐུ་ངལ་ཇི་ལྟར་བསྐྱོན་ནས་ང་རང་གསོ་སྐྱོང་གནང་ཚུལ་ཞིབ་པར་རྟོགས། ཞལ་པར་འབྱོར་ཐེངས་རེ་རེར། ནང་མི་ཐང་ཐང་ཡིན། སེམས་ཁྲལ་གང་ཡང་མ་བྱོས་གསུངས། འོན་ཀྱང་། ང་རང་སླར་ཡང་ཨ་མ་ལགས་ཀྱི་གམ་དུ་འབྱོར་དུས། དུས་ཚོད་ཀྱི་རལ་གྲིས་གདུག་རྩུབ་ཆེན་པོས་ཨ་མ་ལགས་ཀྱི་དཀར་འཇམ་དབུ་ཐོད་ལ་གཉེར་རིས་རླབས་ཕྲེང་ལྟ་བུ་ཞིག་འཐེན་འདུག་ལ། ལོ་ཟླའི་ཚོན་མདོག་གིས་སྙིང་རྗེ་ཁྱོན་ནས་མེད་པར། ཨ་མ་ལགས་ཀྱི་དབུ་སྐྲའི་ཉག་མ་རེ་རེ་བཞིན་སྐྱ་ཕྱེད་སྔོ་ཕྱེད་དུ་བཏང་འདུག

    ཨ་མ་ལགས། སྔར་སོང་ཁྱེད་རང་ཡང་མཛེས་མའི་གཙུག་ཕུད་ཅིག་ཡིན་སྲིད། ད་ཆ་སུ་ཞིག་གིས་ཁྱེད་ཀྱི་ལང་ཚོའི་མེ་ཏོག་བརྐུས་སམ། ཨ་ཁ་ཁ། ཞིབ་པར་བསམས་ན་རྐུན་པོ་དེ་ང་རང་རེད་འདུག བསམ་རྒྱུ་དྲན་རྒྱུ་མེད་པའི་ཕྲུ་གུ་བསམ་མེད་ང་ཚོ་རེད་འདུག ད་ཆ། ངས་ཨ་མ་ལགས་ཀྱི་དབུ་ཐོད་ཀྱི་གཉེར་རིས་བསུབ་ཐབས་བྲལ་ལ། ཨ་མ་ལགས་ཀྱི་སྐུ་སྐེད་འདྲོང་དུ་གཏོང་མ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།