དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • བྲོས་བྱོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ལྕང་བུ་ཆུང་།   |     སྤེལ་དུས།  2025-12-21

    (འདོན་ཐེངས་གོང་མར་མཐུད)

    “ཡང་སྙིང་ཁོ་ག་རེ་བྱས་ནས་བྲོས་འདུག་གམ”ངས་འདི་ལྟར་དྲིས།

    “ཕྱི་དྲོར་གཙང་སྦྲ་བྱེད་སྐབས་བོད་ཕྲུག་དང་ཁ་རྩོད་ཤོར་འདུག བོད་ཕྲུག་དེ་ཚོས་མཚན་སློབ་གྲོལ་དུས་ཁོ་ལ་ངན་བྱས་ནས་ལྐོག་ཏུ་གཞུས་པ་འདྲ”

    “ཨ་ཁ” ལྷག་རྡོར་གྱིས་དབུགས་རིང་ཞིག་བཏང་རྗེས་མུ་མཐུད་དེ། “གལ་ཏེ་རྒན་ཚེ་དོན་གྱི་ངང་རྒྱུད་དེ་ལས་རིང་ཙམ་ཡོད་ན་ཁོ་བྲོས་བཟོ་མི་འདུག”ཅེས་སྨྲས།

    “ཚེ་དོན་གྱིས་ཕུ་གང་བརྒྱབ་འདུག་གམ” ངས་རྒྱུ་མ་ཕུ་འདེད་ཀྱི་ཚུལ་དུ་དྲིས།

    “ངག་དབང་ཁོ་ལས་རེས་ཁང་དུ་སྙན་སེང་ཞུ་བར་ཡོང་ཡང་། རྒན་ཚེ་དོན་གྱིས་ཁོས་གཞུ་མཁན་སུ་ཡིན་མིན་ཧ་མ་གོ་བར་ཁ་གཡར་ནས་ཤ་རེར་ཉལ་ཁང་དུ་བསློགས་འདུག” ལྷག་རྡོར་གྱིས་བདེ་སྲུང་བ་སྤོ་བོ་བསམ་འཕེལ་གྱི་ས་ནས་ཤེས་པའི་དོན་རྣམས་ང་ལ་དྲང་པོར་བཤད།

    “ད་གནོང་འགྱོད་བྱས་ཀྱང་ངག་དབང་ལོག་ཡོང་གི་ནི་མ་རེད། དེ་ལས་བསྟན་པའི་སྦག་སྦག་གཡར་ནས་བསུ་བར་འགྲོ། ངས་རོགས་པ་བྱས་ཆོག”ངས་ལྷག་རྡོར་གྱི་སེམས་ལ་བསམ་པའི་སྐད་ཆ་དེ་བཤད།

    “ཐིར། ཐིར། ཐིར” ཐིར་སྒྲ་གྲགས་སོང་བས། ང་རང་འདས་དོན་གྱི་ཕྱིར་དྲན་ཀློང་ནས་ཐར། ངས་སྒྲོག་ཙེའི་ཐོག་བཞག་པའི་ཟིན་དེབ་དེ་མཆན་ཁུང་འོག་ཏུ་བཅུག་ནས་གཞུང་ལས་ཁང་ལས་ཕྱིར་དོན། སློབ་ཁྲིད་ཐོག་ཁང་ལས་སློབ་ཕྲུག་རྣམས་གྲོག་ཚང་བརྡོལ་བ་ལྟར་དོན་འོངས་པས། ད་གིན་ཞི་ཞིང་འཇགས་པའི་སློབ་གླིང་དེ་ཁང་བྱེའུ་སྡོང་རྩེར་འདུས་པ་ལྟར་ཅ་ཅོ་འུར་ཟིང་གིས་ཁེངས། ངས་གཞུང་ལས་ཁང་གི་མདུན་དུ་ཡོད་པའི་མེ་ཏོག་ལྡུམ་རའི་ར་སྐྱོར་སྟེང་རྐུབ་བཙུགས་ནས་ཐ་མག་རྐང་གཅིག་ལ་མེ་བསྒོས་ནས་འཐེན།

    “ངག་དབང་ཁོ་འབྲོག་པ་སོང་ཙང་། ནམ་རྒྱུན་ངོ་གནག་ཅིང་སྐད་ཆ་མང་པོ་མི་ཤོད་ཀྱང་ཁ་རི་ཁ་ཐུག་ཅིག་འདུག་པས། ང་ཁོ་ལ་དགའ་པོ་ཡོད”

    “འབྲོག་ཕྲུག་ཕལ་ཆེ་བ་དེ་འདྲ་རེད”

    “དེ་སྔོན་ཁོ་ཞོགས་སྦྱོང་ཞིག་ལ་ཕྱི་འབྱོར་བྱས་པས། ངས་འགྲམ་ལྕག་ཅིག་གཞུས་པ་ཡིན། མི་སྟོབས་ཆེན་པོ་དེས་མིག་ཆུ་ཁྲུམ་ཁྲུམ་དུ་བཏང་ནས་ངུས་སོང་བས། སློབ་གྲོགས་དེ་བྱིངས་རྣམས་གད་མོ་དི་རི་རི་ཤོར་མོད། ང་ནི་རང་གིས་ཐལ་དྲགས་སོང་སྙམ་ནས་གནོད་འགྱོད་ཆེན་པོ་སྐྱེས་བྱུང་བས། ཉིན་དགུང་དེར་ཁོ་བཙལ་ནས་ཕྱི་འབྱོར་བྱས་པའི་རྒྱུ་མཚན་ཞིབ་ཕྲ་དྲིས་པ་དང་སྦྲགས་ཁོའི་ཁྱིམ་ཚང་གི་གནས་ཚུལ་ལའང་རྒྱུས་ལོན་བྱས་པས། ཁོ་ནི་ཨ་མ་གཅིག་པུས་བྱམས་ཀྱིས་བསྐྱངས་པ་ཞིག་རེད་འདུག ཁོས་ཟེར་ན་ཨ་མས་ད་བར་ཁོ་ལ་ཤ་གཅུས་ཙམ་ཡང་རྒྱག་མྱོང་མེད་ཟེར”

    “འབྲོག་པའི་ཕ་མ་དེ་ཚོ་ཕྲུ་གུ་ལ་བྱམས་པ་དེ་ཡག་པོ་ཡིན་མོད། ཡིན་ནའང་། ངས་བལྟས་ན། མ་བྱམས་པ་དྲིན་ཆེ་ཟེར་བའི་གཏམ་དེ་བདེན་པར་མཐོང”

    “བྱས་ཙང་། འབྲོག་ཕྲུག་དེ་ཚོ་བོད་ཕྲུག་དང་བསྡུར་ན་སྦྱངས་འབྲས་སྐྱོ་བའི་སྒང་ལ། ལས་སྟངས་ཀྱང་ཁྱོན་ནས་མི་འདུག ཕལ་ཆེར་དེ་ཚོ་ཕ་མའི་སློབ་གསོ་དང་འབྲེལ་བ་ཡོད་ས་རེད”

    “ཝ་ཡེ། མགྱོགས་པོ་འདི་འདྲས་མ་གཏོང་དང” གློ་བུར་དུ་རྒྱ་ལམ་འཕྲེད་བཅད་བཏང་བའི་ཆུ་ཡུར་ཞིག་འཕྲད་པས། སྦག་སྦག་གི་མྱུར་ཚད་གཅོག་ཁོམ་མ་བྱུང་སྟབས་འཁྲུག་ཆེན་པོ་ཐེབས་ནས། རྒྱབ་ཏུ་སྐད་ཆར་དབྱིངས་ཞུགས་པའི་ལྷག་རྡོར་གང་ཙམ་འཕགས། ཁོས་སྐད་ཆའི་འཕྲོ་བཅད་ནས་ང་ལ་དེ་སྐད་ཟེར།

    དེ་དུས་ང་གཉིས་ནི་སློབ་གྲྭ་ནས་ཐོན་ཏེ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་ཞིང་། བདེ་ཁོད་ཆ་མི་སྙོམས་པའི་ས་རྡོའི་ལམ་དེར་སྦག་སྦག་གི་མྱུར་ཚད་ཀྱང་རེ་མགྱོགས་རེ་དལ་ཡིན་སྟབས། དལ་བའི་དུས་སུ་ལྷག་རྡོར་གྱིས་ངག་དབང་གི་སྐོར་ཁོ་ན་བཤད་ཀྱང་། སྦག་སྦག་གི་འུར་སྒྲ་ཆེ་བས་ངས་གསལ་པོ་དེ་ཙམ་མི་གོ་མོད། རྣ་བར་ཐོས་པའི་ཚིག་རེ་གཉིས་བཟུང་ནས་ལྷག་རྡོར་ལ་ལན་རེ་སློག་ཁུལ་བྱས།

    “ལྟས་སྐྱེས། ཡང་ངེས་འབྱུང་གང་སྐྱེས་བྱུང་ངམ” སྦོམ་ཞིང་གསང་བའི་སྐད་སྒྲ་དེས་ངའི་ཕྱིར་དྲན་གྱི་རྒྱུན་བཅད། ངས་སྐད་ངོ་ལས་རྡོ་རྗེ་ཡིན་པ་ཤེས། ཕྲག་པར་བཀལ་བའི་ཀོ་ཁུག་ནག་པོ་དེའི་ལུང་ཐག་རིང་དྲགས་ནས་པུས་མོར་རྡེབ་ཀྱིན་རྡེབ་ཀྱིན་ཁོ་པ་ཡང་ཟོར་དོད་པོས་ངའི་འཁྲིས་སུ་བསླེབས་ཟིན་མཚམས་གོམ་པ་སྤོ་མཚམས་བཞག་ནས། “ཧོན་འཐོར་སྟངས་ལ་བལྟས་ན་ངེས་འབྱུང་སྤུ་སུད་ཅིག་སྐྱེས་ཡོད་བཟོ་འདུག”ཅེས་མུ་མཐུད་དེ་བཤད།

    “ལྷག་རྡོར་ལྷ་སར་བསྒྱུར་བ་འདྲ། ཧ་གོ་བྱུང་ངམ” ངས་རྡོ་རྗེའི་སྐད་ཆར་སྣང་བ་མ་བཞག་པར་ལམ་སེང་དེ་ལྟར་དྲིས།

    “ཨ་ལས། ད་བྱེད་དུས་ལྷག་རྡོར་བསྒྱུར་ཙང་སེམས་པ་སྐྱོ་བ་འདྲ”

    “དངོས་གནས་སེམས་པ་སྟོང་ལྷང་ལྷང་བྱས་བྱུང”

    “ལྷག་རྡོར་ལ་རྒྱུས་མངའ་ཡོད་མཁན་ཚོ་སེམས་པ་སྟོང་ལྷང་ངེ་བྱེད་བདེན་པ་རེད། ཡིན་ནའང་། ཐབས་ཤེས་གང་ཡོང་། མང་པོ་ཞིག་གིས་ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་ཀྱི་མེད་པཱ” ནམ་ཞག་རྒྱུན་དུ་ཁ་བདེ་བའི་རྡོ་རྗེས་ལྷག་རྡོར་ལས་སྒྱུར་བྱས་པའི་དོན་དེར་སྡོམ་ཚིག་དེ་ལྟར་བཀོད་པས། ང་རང་ཡང་ག་ཤོད་འདི་ཤོད་མེད་པར་གྱུར། གལ་སྲིད་ངས་གྱ་ཚོམ་དུ་ཅི་ཞིག་སྨྲས་ན་ཁོས་ཡང་བསྐྱར་གཏམ་དཔེ་ཞིག་དྲངས་ནས་ང་ཁ་ལ་མཛུབ་མོ་བཅུག་ནས་སྡོད་དགོས་བཟོ་རྒྱུ་རེད།

    “ཐིར་ཐིར་ཐིར”

    “ཡ་དཱ། བསམ་བློ་ཞེ་དྲག་མ་གཏོང་། སློབ་ཚན་ཡོད་ན་འགྲོ”

    “ང་ལ་སློབ་ཚན་མེད། འཛིན་གྲྭའི་བར་ཁྱམས་ཀྱི་གཙང་སྦྲར་ལྟ་བར་འགྲོ་དགོས་བསམ་བྱུང་། སོ་སོ་སྔོན་ལ་རྒྱུགས་ཤིག”

    རྡོ་རྗེས་ང་ལ་དགོད་མ་འཛུམ་ཞིག་བསྟན་ནས་སྦོ་དགྱེ་དགྱེ་བྱས་ཏེ་སློབ་ཁྲིད་ཐོག་ཁང་ཕྱོགས་སུ་ཆས།

    “རྡོ་རྗེ་དང་ལྷག་རྡོར་ང་ཚོ་གསུམ་སློབ་གྲྭ་འདིར་སླེབས་མཉམ་རེད། དུས་ཀྱི་འགྱུར་བ་དང་བསྟུན་ནས་ང་ཚོ་གསུམ་ཐོག་མའི་ཉལ་ཁང་གཅིག་ནས་ཁག་སོ་སོར་གྱེས་པ་དང་། དེ་རྗེས་རྡོ་རྗེ་ནི་ཡུལ་འདི་གའི་བུ་མོ་ཞིག་དང་ཆང་ས་བརྒྱབ་ནས་འདི་གར་གཞིས་ཆགས་ཡོད། ང་ནི་སློབ་གྲྭ་འདི་གའི་དགེ་རྒན་ཞིག་དང་འཇིག་རྟེན་མཐུན་འཇུག་བྱས་པས། ང་ཡང་རྡོ་རྗེ་དང་འདྲ་བར་ཕལ་ཆེར་སློབ་གྲྭ་འདིར་སྐྲ་ལོ་དཀར་པོ་ཆགས་ཀྱི་རེད། ལྷག་རྡོར་ནི་ང་གཉིས་དང་མི་འདྲ་བར་བཟའ་ཟླ་ལྷ་སར་ཡོད་པས། ལས་སྒྱུར་མི་བྱེད་ཀ་མེད་རེད། ང་དང་རྡོ་རྗེས་སྔ་ཕྱིར་གནས་འདི་ནས་བཟའ་ཚང་བཙལ་བ་དང་བསྟུན་ནས། ང་ཚོ་གསུམ་དབར་གྱི་འབྲེལ་བ་ཇེ་ཉུང་དུ་ཕྱིན། ཡིན་ནའང་། ད་བར་ལས་སྒྱུར་གྱི་དོན་དུ་ལྷག་རྡོར་གྱིས་བློས་གཏོང་ག་ཚོད་བྱས་མིན་དང་། ཁོ་ལས་སྒྱུར་བྱེད་པར་ཁ་གཡར་ནས་སློབ་གྲྭས་ཁོའི་འཇོན་ནུས་ལ་གཞིགས་པའི་གཙིགས་མཐོང་མ་བྱས་པའི་ཚུལ་རྣམས་ནི་ང་དང་རྡོ་རྗེས་མིག་མཐོང་ལག་ཟིན་རེད”

    རྡོ་རྗེའི་རྒྱབ་གཟུགས་ཆེ་མ་ཆུང་དེར་ལྟ་བཞིན་ངའི་ཡིད་ལ་སྔར་སོང་གི་གནས་ཚུལ་དྲན་པ་དང་། དྲན་བཞིན་དྲན་བཞིན་ལྷག་རྡོར་དང་མཉམ་དུ་གཤིབ་པའི་ལོ་ཟླའི་རི་མོ་ཡིད་ཀྱི་ཡོལ་བར་ཡང་ཡང་འཆར་འོངས་པས། ངས་འཛིན་གྲྭའི་བར་ཁྱམས་ཀྱི་གཙང་སྦྲར་ལྟ་བར་མ་སོང་བར་ཁ་གཅུས་ནས་གཞུང་ལས་ཁང་དུ་ལོག་སྟེ་ཐད་ཀར་ཐོག་སོ་གསུམ་པའི་རྩིས་རིག་སློབ་དཔྱོད་ཁང་དུ་བསྐྱོད།

    རྩིས་རིག་སློབ་དཔྱོད་ཁང་གི་སྒོ་ཕྱེ་ཡོད་རུང་ནང་ལོགས་སུ་མི་གཅིག་ཀྱང་མི་འདུག ལྷག་རྡོར་གྱི་ལས་སྟེགས་ནི་རྩིག་ཁུག་དེར་སྟོང་ལྷང་ངེར་གནས་པ་དང་། སྒྲོག་ཙེའི་ཐོག་གི་གློག་ཀླད་ཀྱི་འཆར་ཤེལ་ནག་པོ་དེ་ནི་ཅི་ཞིག་མཇུག་འགྲིལ་སོང་ཟེར་བའི་བརྡ་སྟོན་མཁན་དང་འདྲ།

    “ལྟོས་དང་། མདུན་གྱི་ལྕགས་ཟམ་དེའི་འགྲམ་ན་བྱང་བུ་ཞིག་བཙུགས་འདུག”

    ངས་ལྷག་རྡོར་གྱི་བསྟན་པའི་བྱང་བུ་དེའི་འགྲམ་དུ་སྦག་སྦག་གི་ཁ་བཀག་པས། ད་གཟོད་བྱང་བུ་དེའི་ངོས་སུ་རིན་ཆེན་སྡིངས་གྲོང་ཚོ་ཞེས་བྲིས་ཡོད་ཅིང་། མདའ་རྩེ་ཉེ་འདབས་ཀྱི་གྲོང་ཚོ་དེར་བསྟན་ཡོད་པ་མཐོང་བས། ང་གཉིས་དགའ་ཐག་ཆོད་ནས་དེ་མུར་གཉིས་ཀ་སྦག་སྦག་ལས་བབས།

    “ཆུ་ཚོད་གཉིས་ལྷག་ཙམ་འགོར་འདུག” ལྷག་རྡོར་གྱིས་པ་ཀིའི་ནང་ནས་ཁ་པར་བཏོན་ནས་ལྟ་ཙམ་བྱས་ཏེ་དེ་ལྟར་བཤད་པ་དང་སྦྲགས། ཁ་པར་པ་ཀིའི་ནང་དུ་བཅུག་ནས་སྦག་སྦག་གི་རྒྱབ་སྒམ་ལས་ཧུང་ཉིའུ་གཉིས་བཏོན་ཏེ་གཅིག་ང་ལ་སྤྲོད་བཞིན་དུ། “སྔོན་ལ་ལྷོད་ལྷོད་བྱས་ནས་ངལ་ཏོག་ཙམ་གསོས་དང་། དཀའ་ལས་ཁག་མ་བྱུང་ངམ”ཟེར།

    “སྐྱོན་ཆེ་བ་མ་བྱུང་། ངག་དབང་ཁོར་ཕལ་ཆེར་ཁལ་མ་ཞིག་རག་པ་རེད། གཞན་མ་གཏོགས་འགྲུལ་ཁོ་ན་བརྒྱབ་ནས་སོང་ཡོད་ན་ང་གཉིས་ཀྱིས་རྗེས་ཟིན་ཚོད་རེད” ངས་ལྕགས་ཟམ་དེའི་གམ་དུ་སོང་ནས་གཟུགས་པོ་ར་སྐྱོར་ལ་སྙེ་བཞིན་དུ་དེ་ལྟར་བཤད།

    “ཁོས་ང་གཉིས་ངོ་ཐག་ཆོད་ནས་ལམ་ཟུར་དུ་འཇབ་པ་མིན་ན། ཁལ་མ་ཞིག་རག་པ་གཏན་འཁེལ་རེད” ལྷག་རྡོར་གྱིས་ཧུང་ཉིའུ་ཁ་ཕྱེ་ནས་རྔམ་འཐུང་ཞིག་བྱས་རྗེས་དེ་ལྟར་བཤད།

    ལྕགས་ཟམ་དེ་སྒྲོལ་མཚམས་སུ་གྲོང་སྡེ་ཞིག་ཡོད་པ་དང་། དེ་གར་ཁང་པ་རྐྱང་ཐོག་བཅུ་གྲངས་ཤིག་སྟར་དུ་བསྒྲིགས་འདུག

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།