ཞྭ་མོ་སྒོ་བཞི་དབུ་ལ་སྤམ། ལྟ་སྣང་དོད་པས་ཀུན་ཡིད་མགུ།
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནག་ཆུ་ཨ་མདོའི་ཞྭ་མོ་སྒོ་བཞི་མའི་སྐོར་བཀོད་པ།
བོད་མི་རིགས་ནི་རྒྱན་གོས་ལ་དང་དོད་ཆེ་བའི་མི་རིགས་ཤིག་ཡིན་པས། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་རྒྱན་གོས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་ཞིག་ངང་གིས་གྲུབ་ཡོད། དཔེར་ན། ཡན་ལག་དང་པོའི་ཆས་སམ་གང་དེ་མཛེས་པར་བརྒྱན་པའི་ཞྭ་མོ་གཅིག་ཁོ་ནར་རིགས་སྣ་མང་དུ་ཡོད་དེ། དུས་ཀྱི་ཆ་ནས་ཕྱེ་བའི་རིགས་ལ། དབྱར་ཞྭ་དགུན་ཞྭ་དང་། རྒྱུ་ཆའི་ཆ་ནས་ཕྱེ་བའི་རིགས་ལ། ཚར་ཞྭ་ཝ་ཞྭ། དར་ཡུལ་ཆ་ནས་ཕྱེ་བའི་རིགས་ལ། རྒྱ་གར་ཞྭ་མོ་དང་སོག་ཞྭ། བྱེད་ནུས་ཆ་ནས་མིང་ཐོགས་པའི་རིགས་ལ་སྐལ་བཟང་བསིལ་གཡབ་ལྟ་བུ་སོགས་སོ། ད་དུང་དེས་མི་ཚད་ཡུལ་ལུང་སོ་སོའི་ཁྱད་ཆོས་མངོན་གསལ་དོད་པའི་ཞྭ་མོ་སྣ་ཚོགས་ཡོད་པ་སྟེ། དཔེར་ན། དབུས་གཙང་ཁུལ་གྱི་ཚེ་རིང་སྐྱིན་ཁེབས་དང་། ལྷོ་ཁ་ཁུལ་གྱི་བྱ་ཞྭ། ཀོང་པོ་ཁུལ་གྱི་ཀོང་ཞྭ། ནག་ཆུ་ཨ་མདོ་ཁུལ་གྱི་ཞྭ་མོ་སྒོ་བཞི་མ་སོགས་སོ།
དུས་རབས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་དབང་གིས་བོད་མི་རིགས་ཀྱི་ཞྭ་མོ་དང་ཞྭ་མོའི་རིག་གནས་ལའང་དུས་བསྟུན་གྱིས་འགྱུར་ལྡོག་བྱུང་ཡོད་པ་ནི་སྨོས་མི་དགོས་པས། སྐབས་འདིར་སྨྱུག་འཛིན་པས་ནག་ཆུ་ཨ་མདོ་ཁུལ་གྱི་ཞྭ་མོ་སྒོ་བཞི་མའི་ཁྱད་ཆོས་དང་འཕོ་འགྱུར་སྐོར་མདོར་བསྡུས་བརྗོད་པར་འདོད།
མིང་སྣ་འཛོམས་པའི་ཞྭ་མོ།
དྲང་པོར་ཞུས་ན། སྨྱུག་འཛིན་པ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་དུ་བཅའ་སྡོད་བྱས་རྗེས། ད་གཟོད་ཨ་མདོ་ཁུལ་གྱི་ཞྭ་མོ་འདི་རིགས་ཀྱི་ཐོག་མའི་མིང་ངམ་མིང་དངོས་ལ་ཞྭ་མོ་སྒོ་བཞི་མ་ཟེར་བ་ཤེས། སྨྱུག་འཛིན་པས་ཐོས་པའི་ཞྭ་མོ་འདིའི་མིང་ཐོག་མ་ནི་རྒྱ་ཡིག་གི“天线帽”ཞེས་པ་དེ་ཡིན་ཞིང་། མིང་དེ་ནི་རྒྱ་ཡིག་ནས་བྲིས་པའི་གསར་འགྱུར་རྩོམ་ཡིག་ཅིག་ལས་ཐོན་པ་དང་། ཞྭ་མོ་འདིར་རྒྱུས་མངའ་ཡེ་ནས་མེད་པའི་རྐྱེན་གྱིས་མིང་དེ་བོད་ཡིག་ཏུ་ཇི་ལྟར་བསྒྱུར་དགོས་པ་མ་ཤེས་པར་ལུས་ཤིང་། ཕན་ཚུན་འདྲི་རྩད་བྱས་ཀྱང་དོན་ལ་མ་འབྱོར་བས་མཐར་ཐད་སྒྱུར་སྟབས་བསྡུས་ཤིག་བྱས་པ་ད་ལྟའང་དྲན་འོངས། དེ་ཡང་རྒྱ་ཡིག་གི“天线帽”ཞེས་པའི་མིང་འདི་ནི་ཞྭ་མོ་འདིའི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཏེ། ཀླད་ཐོག་ཏུ་གནམ་སྐུད་ལྟ་བུའི་སྐུད་པ་ཚོན་ཁྲ་ཅན་སྦོམ་ཕྲ་རན་པོ་ཞིག་ཀེ་རེར་བསླངས་ནས་ཡོད་པས། དེ་ལ་འདྲ་འབྲེལ་རྒྱུ་མཚན་དུ་བྱས་ནས་རྒྱ་སྐད་དུ“天线帽”ཞེས་བཏགས་པར་བཤད། རྒྱུ་མཚན་དེ་མ་ཤེས་པར་རྒྱ་ཡིག་གི“天线帽”ཞེས་པ་བོད་ཡིག་ཏུ“གནམ་སྐུད་ཞྭ་མོ”ཞེས་སུ་བསྒྱུར་བ་ནི་བཞད་གད་ཀྱི་གནས་ལགས་སོ།
ཡང་འགའ་རེས་ཞྭ་མོ་འདི་ནི་ལོ་རྒྱུས་ཐོག་ཏུ་དཔའ་བོར་བྱས་རྗེས་གཟེངས་རྟགས་མཚོན་བྱེད་དུ་སྤྲོད་པའི་ཞྭ་མོ་ཞིག་ཡིན་པ་དང་། གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་བོ་ཕ་ཡུལ་དུ་ལོག་སྐབས། ཞྭ་མོ་འདིའི་ཀླད་ཀྱི་སྐུད་རྩེར་ཚོན་མདོག་ཅན་གྱི་སྐུད་པ་གཅིག་གསར་དུ་བསྣན་ནས་བྱས་རྗེས་གཟེངས་རྟགས་མཚོན་པར་བྱེད་པས། ཞྭ་མོ་འདི་རིགས་ལ“དཔའ་རྒོད་ཞྭ་མོ”ཞེས་བརྗོད་ཀྱང་ཆོག་ཟེར། གལ་སྲིད་གོང་གསལ་ལོ་རྒྱུས་ཀྱི་ཟེར་སྒྲོས་བདེན་པ་ཡིན་པའི་དབང་དུ་བྱས་ན། “དཔའ་རྒོད་ཞྭ་མོ”ཞེས་པའི་མིང་དེ་ནི་ཞྭ་མོ་འདིར་ཆེ་བསྟོད་ཀྱི་ཚུལ་དུ་བཏགས་པའི་མིང་ཞིག་ཡིན་པ་ལས་གང་དེའི་མིང་དངོས་མ་ཡིན་པ་ཤེས་དགོས་པར་སྙམ།
ཞྭ་མོ་སྒོ་བཞི་མའི་ཁྱད་ཆོས་ལས་བསྐྱེད་པའི་ཕྱིས་ཀྱི་མིང་གསར་པ“གནམ་སྐུད་ཞྭ་མོ”དང“དཔའ་རྒོད་ཞྭ་མོ”གཉིས་དང་མི་འདྲ་བར་ད་དུང་གང་དེར་བཟོ་བཀོད་ཀྱི་ཁྱད་ཆོས་ལས་ཐོགས་པའི་འབོད་སྲོལ་གཞན་ཞིག་ཡོད་པ་ནི“མཐེབ་བཅུ”ཞེས་པ་དེ་ཡིན། དེ་ཡང་ཞྭ་མོ་འདིའི་གཙུག་ཏུ་ཀེ་རེར་བསླངས་པའི་སྐུད་པ་དེ་ནི་ཞྭ་མོར་བཙེམས་པ་ཞིག་མིན་པར་དེ་ནི་ཞྭ་མོའི་ཀླད་དུ་སྐུད་པ་ལས་གྲུབ་པའི་མཐེབ་ཆི་བཅུ་ལྷན་ཅིག་ཏུ་བསྡམས་པ་ལས་ཚུགས་པ་ཞིག་ཡིན་སྟབས། དེ་ཉིད་འདྲ་འབྲེལ་རྒྱུ་མཚན་དུ་བྱས་ནས་མཐེབ་བཅུ་ཞེས་ཁ་རྒྱུན་དུ་འབོད་སྲོལ་ཆགས་ཡོད་པ་སྟེ། ཨ་མདོའི་ཁྱད་ཆོས་ལྡན་པའི“天线帽义警”ཞེས་པའི་བོད་སྐད་དུ“ཐོབ་བཅུའི་འགན་འབབ་ཉེན་རྟོག”ཅེས་སུ་བསྒྱུར་བ་ལས་ཤེས་ཐུབ་ཅིང་། སྐབས་འདིའི“ཐོབ”ཅེས་པའི་དག་ཆ་ནོར་བ་མིན་ནམ་སྙམ།
བཟོ་བཀོད་ལེགས་པའི་ཞྭ་མོ།
དེང་སྐབས་ང་ཚོས་མཐོང་ཆོས་སུ་གྱུར་པའི་ཨ་མདོའི་ཞྭ་མོ་སྒོ་བཞི་མ་ཕལ་མོ་ཆེ་ནི་མཐའ་བཞི་ཝ་མོའི་གྲ་ལོས་ལེགས་པར་བརྒྱན། དཀྱིལ་དབུས་གོས་ཆེན་སྤུས་མས་མཛེས་པར་བཏུམས། རྒྱབ་གཞུག་ཚོན་ལྡན་དར་གྱིས་མཚར་དུ་སྤུད་པ་ཞིག་ཡིན་མོད། དེ་ནི་ཨ་མདོའི་ཞྭ་མོ་སྒོ་བཞི་མའི་ཐོག་མའི་རྣམ་པ་དེ་མ་ཡིན་པར་དུས་ཀྱི་འཕེལ་རིམ་ཁྲོད་དུ་ཞྭ་མོ་སྒོ་བཞི་མར་འགྱུར་བ་ལན་གསུམ་བྱུང་རྗེས་ཀྱི་བཟོ་ལྟ་དེའོ།
དེ་ཡང་ཕྱི་དངོས་པོའི་དཔལ་འབྱོར་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མིའི་ནང་བསམ་པའི་འདུ་ཤེས་འཛིན་སྟངས་ལའང་འགྱུར་ལྡོག་ཡོང་བ་ནི་ལྡོག་མེད་ཀྱི་ཆོས་ཉིད་ཅིག་ཡིན་པས། ཆོས་ཉིད་དེའི་དབང་གིས་ཨ་མདོའི་ཞྭ་མོ་སྒོ་བཞི་མའི་བཟོ་ལྟར་ཡང་འགྱུར་བ་ལན་གསུམ་བྱུང་བར་གྲགས།
སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་ཀྱིས་ཞན་པ་དང་། མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཅུང་ཟད་སྐྱོ་བའི་དུས་སུ་ཟས་ཀྱིས་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་དྲོད་པ་ནི་ཆེས་མ་མཐའི་བསམ་འདུན་ཡིན་པས། སྐབས་དེ་ཤེད་དུ་དྲོད་སྲུང་འབའ་ཞིག་གི་དགོས་མཁོའི་དབང་གིས་ཞྭ་མོ་སྒོ་བཞི་མའི་ཐོག་མའི་རྣམ་པ་སྟེ། གཡས་གཡོན་དུ་རྣ་བ་དང་འགྲམ་པ་ཡུག་གཅིག་ཏུ་འགེབས་བྱེད་ཀྱི་ལྕེ་ལེབ་གཉིས་ཅན་གྱི་ཞྭ་མོ་དེ་ཐོན་ཞིང་། སྐབས་དེ་དུས་ཞྭ་མོ་དེའི་བྱེད་ནུས་ལ་གཞིགས་ནས་མི་རྣམས་ཀྱིས“ཨམ་ཅོག་བུ་རམ”ཞེས་པའི་མིང་སྙན་པོ་ཞིག་བཏགས་ཡོད། ཕྱིས་སུ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་སྟོབས་ཆེར་སོང་བ་དང་། དཔལ་འབྱོར་ཡང་གོང་དུ་འཕེལ་བས། མི་རྣམས་ཀྱི་བསམ་འདུན་དེ་ཡང་ཟས་ཀྱི་གྲོད་པ་རྒྱགས་པ་དང་གོས་ཀྱིས་ལུས་པོ་དྲོད་པ་ཙམ་མིན་པར་འཚོ་བཅུད་ལྡན་པའི་ཟས་ལ་ལོངས་སུ་སྤྱོད་པ་དང་། བཟོ་ལྟ་མཛེས་ཤིང་སྤུས་ཀ་དག་པའི་གོས་གྱོན་རྒྱུའི་ཕྱོགས་སུ་འགྱུར་བ་བྱུང་སྟབས། ཨ་མདོའི་ཞྭ་མོ་སྒོ་བཞི་མའི་བཟོ་ལྟར་ཡང་དེ་བསྟུན་གྱིས་འཕོ་འགྱུར་བྱུང་ནས་གཡས་གཡོན་དང་རྒྱབ་མདུན་ཕྱོགས་བཞིར་སྒོ་ལྟ་བུའི་ལྕེ་ལེབ་བཞི་བཟོ་སྲོལ་དར་བས། མིང་ལའང་ཞྭ་མོ་སྒོ་བཞི་མ་ཞེས་ཐོགས་པ་མ་ཟད། བཟོ་དང་། རི་མོ། ཚོས་གཞི་སོགས་ལའང་དང་དོད་ཀྱིས་མཚོན་དོན་གསར་དུ་སྣོན་པ་སྟེ། དཔེར་ན། ཀླད་དུ་ཀེ་རེར་བསླངས་པའི་སྐུད་པ་དེ་འཁོར་གསུམ་ལ་དཔེ་བླངས་ནས་རྐང་བཙུགས་ཏེ་རྩེ་རྣོན་པོ་བཟོས་ནས་དཔའ་དང་བློ་ཁོག་མཚོན་པར་བྱེད་པ་ལྟ་བུའོ།
དེ་ནས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཡག་ཏུ་སོང་བ་དང་བསྟུན་ནས་ཞྭ་མོ་སྒོ་བཞི་མ་ནི་ཆས་ནས་རྒྱན་གྱི་ཕྱོགས་སུ་འཕོ་འགྱུར་བྱུང་སྟེ། སྔོན་དུས་ཚར་རུ་ལས་བཟོས་པའི་སྒོ་བཞི་དེ་ཝ་ལྤགས་ཀྱིས་ཡུག་གཅིག་ཏུ་སྦྲེལ་བ་དང་། དཀྱིལ་དུ་གོས་ཆེན་དང་། རྒྱབ་གཞུག་ཏུ་ཚོས་ལྡན་རས་དར་འདོགས་པའི་སྲོལ་ཆགས་ནས། དུས་ཆེན་དང་བྱེད་སྒོའི་རིགས་ལ་མེད་དུ་མི་རུང་བའི་རྒྱན་ཆ་ཞིག་ཏུ་གྱུར་བ་རེད་ཅེས་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་སྔོ་ཁྲིག་གྲོང་ཚོའི་འཚེམ་བུ་བ་རྣམ་ཐར་གྱི་ངག་ལས་ཐོས།
སྤྱོད་སྒོ་ཆེ་བའི་ཞྭ་མོ།
འབྲི་ཆུའི་ཆུ་ཐིགས་དང་པོའི་འབབ་ཁུངས་སུ་གྲགས་པའི་བྱང་ཨ་མདོ་ནི་ས་བབ་ཆགས་ཚུལ་དབང་གིས་གནམ་གཤིས་གྲང་ངད་ཆེ། དེས་ན། བློ་རིག་བཀྲ་བའི་ཨ་མདོ་བའི་མེས་པོ་ཚོས་གྲང་ངད་ཆེ་བའི་གནམ་གཤིས་ལ་ཁ་གཏད་གཅོག་སླད་དུ་ཞྭ་མོ་སྒོ་བཞི་མ་ཆེད་དུ་བཟོས་པར་སེམས། དེང་གི་ཆར། ཐུན་མིན་ཁྱད་ཆོས་ལྡན་པའི་ཞྭ་མོ་སྒོ་བཞི་མ་ནི་སྤྱིར་ན་ཨ་མདོ་བ་ཁོ་ནར་བདག་པའི་རྒྱན་ཆ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་པས། བུ་དང་བུ་མོ་སུ་ཡིན་རུང་སྤྱིར་ན་ནམ་རྒྱུན་ལུས་ལ་ཕྱུ་པ་བཀླུབས་ཚེ་མགོ་བོར་ཞྭ་མོ་སྒོ་བཞི་མ་གྱོན་པའི་སྲོལ་ཡོད་པ་དང་། ལྷག་དོན་དུ་དུས་ཆེན་དང་བྱེད་སྒོ་ཆེ་རིགས་ལ་ཕོ་མོ་རྒན་གཞོན་དབྱེར་མེད་པར་རྐང་པར་ཟོམ་པ་དང་། ལུས་ལ་ཕྱུ་པ། མགོ་བོར་ཞྭ་མོ་སྒོ་བཞི་མ་བཀླུབས་པ་ནི་མཆོར་ཆས་རྩེ་གྲ་ཞིག་སྤྲས་པར་ངོས་འཛིན་བྱེད་པས། དུས་ཆེན་གྱི་རྒྱལ་པོ་ལོ་གསར་རམ། འཆར་ཅན་རྟ་རྒྱུག་དུས་ཆེན་དང་། ཤང་གྲོང་དར་སྤེལ་གྱི་བྱེད་སྒོ་སོགས་སུ་ཞྭ་མོ་སྒོ་བཞི་མ་ནི་འགུལ་བཞིན་པའི་ཚོན་ལྡན་མེ་ཏོག་དང་གཉིས་སུ་མེད་པར་བྱང་ཨ་མདོའི་རྩྭ་ཐང་ཡངས་པོའི་ངོས་སུ་ལྡེམ་ལྡེམ་དུ་གཡོ།
མི་རབས་ནས་མི་རབས་བརྒྱུད་དེ་འགྱུར་ལྡོག་ལན་གསུམ་བྱུང་བའི་ཨ་མདོའི་ཞྭ་མོ་སྒོ་བཞི་མ་ནི་དེ་ལྟར་མངོན་པར་གསལ་བའི་ཁྱད་ཆོས་དབང་གིས་ཨ་མདོ་བའི་རྟགས་མཚན་ལྟ་བུར་གྱུར་ནས། དུས་ད་ལྟ་ཡང་རྒྱན་དང་གོས་གཉིས་ཀའི་ཆ་ནས་ཨ་མདོ་བའི་འཚོ་བའི་ཁྲོད་དུ་བྲལ་མེད་དུ་གནས་པ་ལས་རྒྱན་གོས་ཤིག་གི་ཉམས་པ་མེད་པའི་གསོན་ཤུགས་མཚོན་པ་མ་ཟད། དེ་བས་རིག་གནས་ཤིག་གི་རྒྱུན་སྲིང་བཞིན་པ་མཚོན།
ལྷག་དོན། 2018ལོར་ཨ་མདོའི་རྒྱན་གོས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུག་བཞག་གི་མིང་གཞུང་དུ་ཚུད་པ་དེས་ཨ་མདོའི་རྒྱན་གོས་ཀྱི་ཆ་ཤས་སུ་གྱུར་པའི་ཨ་མདོའི་ཞྭ་མོ་སྒོ་བཞི་མར་ཡང་དོ་ཁུར་བྱེད་མཁན་སྔར་བས་མང་དུ་སོང་སྟབས། རྒྱུན་འཛིན་པ་ཁག་གིས་གོ་སྐབས་དེ་དང་བསྟུན་ནས་དྲན་རྟེན་དུ་ཉར་ཆོག་པའམ་ལག་རྟགས་སུ་བྱིན་ཆོག་པའི་ཨ་མདོའི་ཞྭ་མོ་སྒོ་བཞིའི་བཟོ་རྩལ་ཐོན་རྫས་བཟོས་པས། “གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”སོགས་ཀྱི་བྱེད་སྒོ་དང་དུས་ཆེན་རིགས་ལ་བྲིན་ཁ་རྒྱུག་པོ་ཡོད་པ་རེད། “ཨ་མདོའི་ཞྭ་མོ་སྒོ་བཞི་མ་གཅིག་བཙེམས་པར་དུས་ཡུན་ཉིན་གསུམ་ཙམ་འགོར་གྱི་རེད། ཞྭ་མོ་རེའི་གོང་ཚད་ནི་སྒོར་800ནས་1000བར་ཡིན། ལས་ཀ་འདིས་གཅིག་ནས་རང་ཉིད་ལ་ཡོང་འབབ་ཡོང་བ་དང་། གཉིས་ནས་ཨ་མདོའི་རྒྱན་གོས་ཀྱི་རིག་གནས་རྒྱུན་འཛིན་ཐུབ་པས་སེམས་སྐྱིད་གདའ”ཞེས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཨ་མདོའི་རྒྱན་གོས་ཀྱི་རྒྱུན་འཛིན་ལས་ལ་འབུངས་བཞིན་པའི་རྣམ་ཐར་གྱིས་བཤད།
འབྲེལ་ཡོད་གསར་འགྱུར།