རིག་གནས་སྒྱུ་རྩལ་མཐའ་མཚམས་ཁུལ་དུ་སྤེལ། ཤེས་དཔལ་ལག་ལེན་སྲོལ་གསར་ལེགས་པར་བཏོད།
——མངའ་རིས་ས་ཁུལ་གྱིས་དྲིལ་བསྒྲགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

འདི་ནི་2025ལོའི“ཤེས་དཔལ་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་འགྲན་བསྡུར་ཆེ་མོར་མངའ་རིས་ས་ཁུལ་གྱི་གཞོན་ནུའི་འཐུས་ཚབ་རུ་ཁག་ལ་བྱ་དགའ་ཨང་དང་པོ་ཐོབ་ནས་དཔེ་ཀློག་གི་ཉམས་འགྱུར་མངོན་པ། (མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་མཁོ་འདོན་བྱས)
2025ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དང་། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས། རིག་གནས་ལ་བརྟེན་ནས་མཐའ་མཚམས་སྐྱོང་བ་དང་ཤེས་དཔལ་ལག་ལེན་དམ་འཛིན་བྱ་གཞིར་བྱས་ཏེ། རིག་རྩལ་གསར་རྩོམ་དང་། རིག་གནས་དམངས་ཕན། ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། མངའ་རིས་ཀྱི་རིག་གནས་མེ་ཏོག་ས་མཐོར་རབ་ཏུ་བཞད་ནས་དྲིལ་བསྒྲགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམས་ཡོད།
གསར་རྩོམ་ལས་ལ་གཡུར་ཟའི་འབྲས་བུ་བཏགས། རིག་གནས་རྒྱུན་འཛིན་སྐྱེ་སྟོབས་རབ་ཏུ་འཕེལ།
“སྔོན་ཆད་ང་ཚོའི་གཟུགས་བརྙན་སློབ་གྲྭ་དང་། སྡེ་ཁུལ། གྲོང་གསེབ་བཅས་ཀྱི་གར་སྟེགས་ཐོག་ནས་མ་གཏོགས་མཐོང་རྒྱུ་མེད། རྒྱལ་ཡོངས་རང་བཞིན་གྱི་འགྲན་བསྡུར་ནང་ཞུགས་ཐེངས་དང་པོ་ཡིན། བྱ་དགའ་ཨང་དང་པོ་ཐོབ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད། རུ་མི་ཚང་མ་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་ཡང་གཏོང་གི་འདུག”ཅེས་2025ལོའི་ཀྲུང་གོའི་ལུས་སྦྱོང་སྒོར་གཞས་འགྲན་བསྡུར་ཆེ་མོའི་ས་ཡུལ་དངོས་སུ་མངའ་རིས་ས་ཁུལ་ཞང་ཞུང་འཐུས་མི་རུ་ཁག་གི་རུ་སྣེ་ཁྲིད་མཁན་འཇམ་དབྱངས་ཚེ་རིང་གིས་དགའ་ཚོར་ཆེན་པས་བཤད། གཞི་རིམ་གྱི་རིག་རྩལ་ལ་དགའ་པོ་ཡོད་མཁན་ལས་གྲུབ་པའི་རུ་ཁག་འདིས་སྲོལ་རྒྱུན་གྱི་ཉམས་འགྱུར་དང་དུས་རབས་ཀྱི་གསོན་ཤུགས་གཅིག་ཏུ་འདྲེས་པའི་ཞབས་བྲོར་འགྲན་བསྡུར་ནང་ཨང་དང་པོ་ཐོབ་སྟེ། རྒྱལ་ཁབ་རིམ་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་རིག་གནས་འགྲན་བསྡུར་ནང་མངའ་རིས་ས་ཁུལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
གླུ་དབྱངས་གསར་རྩོམ་ལས་བཀྲག་མདངས་འཚེར་བ། དྲིལ་བསྒྲགས་ལས་དོན་སྣ་ཚོགས་དུས་མཉམ་དུ་སྤེལ། བརྙན་འཕྲིན་ཆེད་དོན་པར་གཞི《གངས་ལྗོངས་འཕུར་མཆོང་། མངའ་རིས་ཀྱི་ལོ་ངོ་60ཡི་འཕེལ་རྒྱས་དངོས་མཚོན་པར་གཞི》ཞེས་པའི་ནང་ས་མཐོར་འགྱུར་ལྡོག་ཆེན་པོ་བྱུང་བ་གོ་རིམ་ལྡན་པའི་སྒོ་ནས་བསྟན་པ་ལས་མི་རིགས་ཁག་གི་མང་ཚོགས་ལ་ངོས་འཛིན་གཅིག་མཐུན་བྱུང་ཡོད། ཞབས་བྲོ《རྒོད་པོའི་བརྩེ་སེམས》ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱིད་གསར་དུས་ཆེན་དགོང་ཚོགས་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་རྗེས། སྐབས་གསུམ་པའི་ཀྲུང་གོའི་ཕུལ་བྱུང་ཞབས་བྲོའི་བརྩམས་ཆོས་གཅིག་སྡུད་ནང་བདམས་ཐོན་བྱུང་སྟེ་མངའ་རིས་ཀྱི་ཞབས་བྲོའི་སྐད་གྲགས་རྒྱལ་ཡོངས་སུ་ཆོད་ཡོད།
མངའ་རིས་སུ་ལོ་མང་བསྡད་པའི་རིག་གནས་ལས་དོན་པ་ཀྲའོ་ཝུན་ཧུའེ་ཡིས“མངའ་རིས་ཀྱི་ཡུལ་གྲུ་ཀུན་ལ་གཏམ་རྒྱུད་རེ་ཡོད། རིག་གནས་གསར་རྩོམ་བྱེད་སྐབས་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ལ། མང་ཚོགས་ཀྱི་འཚོ་བར་རྒྱུས་ལོན་དེ་བས་ཀྱང་བྱེད་དགོས། དེ་ལྟར་བྱས་ཚེ་བརྩམས་ཆོས་ལ་གཞི་ནས་གསོན་ཤུགས་ལྡན་ཐུབ”ཅེས་བཤད།
རིག་གནས་དར་སྤེལ་བཏང་ནས་དམངས་སེམས་དྲོས། དམངས་དང་ཉེ་བཅར་བྱས་ནས་ཞབས་འདེགས་ཞུས།
“ང་ཚོའི《མཐའ་མཚམས་གཞོན་ནུའི་སེམས་པ་ཏང་ལ་ཕྱོགས》ཞེས་པར་ལྗོངས་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་སོང”ཟླ་6ཚེས་20ཉིན་2025ལོའི“ཤེས་དཔལ་བོད་ལྗོངས”ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་འགྲན་བསྡུར་ཆེན་པོ་ལྷ་སར་མཇུག་འགྲིལ་ཡོད། མངའ་རིས་ས་ཁུལ་གྱི་འཐུས་མི་རུ་ཁག་གི་གཞོན་ནུ་ཚོས་ལྷག་བསམ་རྣམ་པར་དག་ལ་ཉམས་དང་ལྡན་པའི་སྒོ་ནས་ཏང་གི་བཀའ་དྲིན་ལ་བརྩེ་བ་ཟབ་མོས་བསྟོད་གླུ་ཕུལ་ལ། མཐའ་མཚམས་ཀྱི་གཞོན་ནུ་ཚོའི་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་བསམ་པ་མཚོན་པར་བྱས་ཡོད། མངའ་རིས་ཧྲའན་ཤིས་ཚོད་ལྟ་སློབ་གྲྭའི་སློབ་མ་ལས་གྲུབ་པའི་རུ་ཁག་དེ་ལྗོངས་ཡོངས་ཀྱི་འགྲན་བསྡུར་ནང་ཞུགས་པའི་རུ་ཁག་12ཁྲོད་ནས་འབུར་དུ་ཐོན་ཞིང་། ཁོང་ཚོས་བརྩེ་བ་ཟབ་མོས་གཞོན་ནུ་ལོ་ཆུང་གི་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
འདི་ལོ་ཚུན་དུ་མངའ་རིས་ས་ཁུལ་གྱིས་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་འདོགས་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད། རིམ་ཁག་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)ཀྱིས་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ཏེ།“ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་གནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་གཏོང་བ”དང“ང་ཚོའི་དུས་ཆེན”སོགས་སྤུས་རྟགས་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གཤམ་སྤེལ་གསུམ”གྱི་བྱེད་སྒོ་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་སྤེལ་ཡོད། རིམ་ཁག་རིག་རྩལ་རུ་ཁག་གིས་སྒྲིག་འགོད་ཞིབ་ཚགས་བྱས་པའི་ལེ་ཚན་དག་གྲོང་གསེབ་དང་། འབྲོག་ཁུལ། མཐའ་མཚམས་ཀྱི་སོ་ལྟ་ཁང་བཅས་སུ་འཁྲབ་སྟོན་བྱས་ཏེ་ཏང་དང་། རླབས་ཆེན་མེས་རྒྱལ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་བསྟོད་གླུ་འབུལ་བའི་མང་ཚོགས་རང་བཞིན་གྱི་རིག་རྩལ་འཁྲབ་སྟོན་ཐེངས་500ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་10ལྷག་ཙམ་ལྟད་མོ་ལྟ་བར་སླེབས་ཡོད།
རིགས་གཞུང་དྲིལ་བསྒྲགས་དམངས་ཀྱི་སེམས་སུ་ཟུག ཤེས་དཔལ་སྐྱེད་སྲིང་སྲོལ་གསར་ལེགས་པར་བཏོད།
“ཕྲུ་གུ་ནི་ཁྱིམ་ཚང་གི་རེ་བ་རེད་ལ། རྒྱལ་ཁབ་ཀྱི་མ་འོངས་པ་དེ་བས་ཀྱང་རེད། འོས་འགན་སློབ་གསོའི་དུས་མཚམས་སུ་ངེས་པར་དུ་ཕྲུ་གུ་ཚང་མ་བདེ་བླག་ངང་སློབ་གྲྭར་ཞུགས་ཐུབ་པའི་འགན་སྲུང་བྱེད་དགོས་པ་ལ་སོགས”ཟླ་9ཚེས་23ཉིན་རུ་ཐོག་རྫོང་མི་དམངས་ཁྲིམས་ཁང་གི“མཚོ་མོ་ངང་ལ་རིང་མོའི་བུད་མེད་དྲིལ་བསྒྲགས་རུ་ཁག”གིས་ར་པང་ཤང་དུ་བསྐྱོད་ནས་སློབ་མ་རེ་ཟུང་སློབ་གྲྭར་འགྲོ་མཚམས་བཞག་པའི་སྣང་ཚུལ་ལ་དམིགས་ནས“ཁྲིམས་ལུགས་སྒོ་རྩར་དྲིལ་བསྒྲགས་བྱེད་པའི”ཆེད་དོན་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། དྲིལ་བསྒྲགས་རུ་ཁག་གི་རུ་མིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་འོས་འགན་སློབ་གསོའི་བཅའ་ཁྲིམས་གསལ་འགྲེལ་བྱས་པ་དང་། དཔེ་མཚོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ནས་སློབ་གྲྭར་འགྲོ་མཚམས་བཞག་པའི་གནོད་འཚེར་དབྱེ་ཞིབ་བྱས་ནས་སློབ་མཚམས་བཞག་པ་ལས་བྱུང་སྲིད་པའི་སྤྱི་ཚོགས་ཀྱི་གནད་དོན་མ་བྱུང་སྔོན་འགོག་བྱས་ཡོད།
མཚོ་མོ་ངང་ལ་རིང་མོའི་བུད་མེད་དྲིལ་བསྒྲགས་རུ་ཁག་ཙམ་མ་ཟད། མངའ་རིས་ས་ཁུལ་དུ“ས་མཐོའི་སེ་འབྲུ་དམར་པོའི”སློབ་གྲྭའི་དྲིལ་བསྒྲགས་རུ་ཁག་སོགས་ཁྱད་ལྡན་རུ་ཁག་མང་པོ་བཙུགས་ཏེ། ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས“ཁྱིམ་ཚང་ཚང་མར་ཁྱབ་གདལ་གཏོང་བར”སྐུལ་འདེད་བཏང་ཡོད། འདི་ལོ་ཚུན་དུ་ཁྱོན་བསྡོམས་དྲིལ་བསྒྲགས་སྣ་ཚོགས་ཐེངས་2000ལྷག་ཙམ་བྱས་པ་དང་མི་ཐེངས་ཁྲི་12.8ལ་ཁྱབ་ཡོད།
འབྲེལ་ཡོད་གསར་འགྱུར།