བྲོས་བྱོལ།
(འདོན་ཐེངས་གོང་མར་མཐུད)
“ང་ནི་འབྲོག་ཕྲུག་ཅིག་ཡིན་པས། བོད་ཕྲུག་ཚོས་མིག་ཡན་གར་བ་ལྟ། བོད་ཕྲུག་དང་ཉལ་ཁང་གཅིག་ཏུ་འཁེལ་བ་ནས་བཟུང་། འཚོ་བའི་གོམས་གཤིས་མི་འདྲ་བའི་དབང་གིས་རྟག་པར་ཁོ་ཚོ་དང་ཁ་རྩོད་ཤོར་འོང་། ཉིན་དེའི་ཕྱི་དྲོར་ཉལ་ཁང་དུ་གཙང་སྦྲ་བྱེད་སྐབས། བོད་ཕྲུག་གཅིག་དང་ཁ་རྩོད་ཤོར་བྱུང་། མཚན་ཚོགས་གྲོལ་ནས་ཉལ་ཁང་དུ་ལོག་པའི་ལམ་བར་དུ་ངའི་རྒྱབ་ལ་རྡོག་ཐོ་ཞིག་གཞུས་བྱུང་། རྡོག་ཐོ་དེ་གནད་ལ་འཁེལ་བས་ཕྲན་ཙམ་མ་གཏོགས་ང་ཁ་བུབ་ལོག་གྲབས་བྱས་སྟབས་ཡང་སྙིང་སུས་གཞུས་མིན་ཡང་ལྟ་ཐུབ་མ་བྱུང་། ཡིན་ནའང་། ངས་གཏན་འཁེལ་བྱེད་ཐུབ་པ་ནི་ཕྱི་དྲོ་ང་དང་ཁ་རྩོད་ཤོར་བའི་བོད་ཕྲུག་ཁྲོད་ནས་གཅིག་ཡིན་ངེས་རེད། དེར་བརྟེན། ངས་ཉལ་ཁང་དུ་མ་ལོག་པར་ཐད་ཀར་ལས་རེས་ཁང་དུ་ཕྱིན་ནས་ལས་རེས་དགེ་རྒན་ལ་གནས་ཚུལ་དེ་ཞུས་པ་ཡིན། ཡིན་ནའང་། ང་ལ་ཡང་སྙིང་སུས་གཞུས་མིན་གསལ་པོ་ཤོད་རྒྱུ་མེད་སྟབས། དེ་ཉིན་ལས་རེས་ཡིན་པའི་རྒན་ཚེ་དོན་གྱིས། སུས་གཞུས་མིན་ཡང་ཧ་མ་གོ་ན་འདིར་སྐྱག་པ་ཟ་བར་ཡོང་པས་ཞེས་ཁྲོ་བའི་ཉམས་ཀྱིས་རྗོད་ཀྱིན་ང་ལ་རྐང་པའི་ཉྭ་སྒྱུར་གྲབས་བྱས་པའི་རྡོག་ཐོ་གཉིས་གཞུས་ཏེ། འཛར་ཞེས་གསུངས་ནས་ཉལ་ཁང་དུ་བསློགས་བྱུང་། ཉལ་ཁང་དུ་འབྲོག་ཕྲུག་ང་གཅིག་པུ་ཡིན་སྟབས་བོད་ཕྲུག་ཚོའི་ཁ་གཏད་མི་ཆོག་པས་བྲོས་འགྲོ་བའི་བསམ་བློ་འཁོར་བྱུང” ངས་དེ་ལྟར་མ་གསང་དྲང་པོར་བཤད།
“དེ་འདྲ་ཡིན་ན་སྔོན་ནས་ཉལ་ཁང་བརྗེ་རྒྱུའི་བསམ་བློ་འཁོར་མ་བྱུང་ངམ”རྒན་ནོར་བུས་ཐ་མག་རྔམ་འཐེན་ཞིག་བྱས་ནས་དུ་བ་སྐྱ་ཆིལ་ཆིལ་དུ་འབུད་ཀྱིན་དེ་སྐད་ཟེར།
“དེ་དུས་འཛིན་བདག་རྒན་ལྷག་རྡོར་ལ་ཞུས་པ་ཡིན། རྒན་ལགས་ཀྱིས་ཆ་ཚང་ཧ་གོ་གི་རེད། ཡིན་ནའང་སློབ་གྲྭས་ཆོག་མཆན་མ་གནང་བ་རེད”
“འོ་རེད། དོན་དེ་དེ་སྔོན་ངག་དབང་རང་བསུ་བར་འགྲོ་དུས་ང་ལ་རྒན་ལྷག་རྡོར་གྱིས་ཤོད་མྱོང་ཡོད། དེང་སང་རྒན་ལྷག་རྡོར་དགོངས་པ་ཞུས་པ་འདྲ། མཐོང་རྒྱུ་མི་འདུག དེས་མ་གཏོགས་ང་གཉིས་ཀྱང་ཁྱོད་ཀྱི་ལུང་པར་ཐེངས་གཅིག་སླེབས་ཀྱི་རེད”
རྒན་ནོར་བུའི་སྐད་ཆ་དེ་ཐོས་རྗེས། ངས་རྒན་ལྷག་རྡོར་ལས་སྒྱུར་བྱས་པ་དེ་རྒན་ནོར་བུས་ཧ་གོ་མེད་པ་གཞི་ནས་ཤེས།
“རྒན་ལགས། རྒན་ལྷག་རྡོར་ད་ནངས་ཞོགས་པ་བྱོན་སོང་། ལྷ་སར་ལས་སྒྱུར་བྱས་པ་ཡིན་ཟེར་གྱིས” ངས་ཕངས་སེམས་དང་བཅས་ཏེ་དེ་ལྟར་དྲང་པོར་བཤད།
“ཨ་ལས། འོ་ཙི། ང་ལ་ཁ་པར་ཙམ་ཡང་གཏོང་མཁན་མི་འདུག” རྒན་ནོར་བུས་ཧང་སངས་དོགས་ཁ་པོས་ང་ལ་དེ་ལྟར་རྗོད་བཞིན་ཐ་མག་གི་རོ་ཏོ་འཁྲིས་སུ་ཡོད་པའི་གད་གཞོང་དུ་གཡུགས་ནས་རྒྱབ་ལག་བཅས་ཏེ་དལ་བ་དལ་བུར་གཞུང་ལས་ཁང་གི་ཕྱོགས་སུ་ཕེབས།
རྒན་ལྷག་རྡོར་ལས་སྒྱུར་བྱས་པའི་སྐོར་དེ་རྒན་ནོར་བུར་ཤོད་ཐུབ་པས། དེ་མུར་ཅི་ཞིག་གིས་མནན་པ་ལྟ་བུའི་ངའི་སྙིང་ཁ་ལྕི་མོའང་ཡང་སང་སང་བྱས། རྒན་ནོར་བུ་འགྲོས་ཤུལ་དུ་ངས་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་སུ་ལྟ་ཙམ་བྱས་པས། དེ་གར་སྒལ་པར་སྒྱེ་ཕད་ཁྱེར་བའི་བགྲེས་སོང་ཞིག་གིས་མགོ་བོ་རྨྱངས་ཙམ་རྨྱངས་ཙམ་བྱེད་པས། ངས་གོམ་སྟབས་ཡང་མོས་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་སུ་བསྐྱོད།
ལོ་དེ་ནི་ངེད་རྫོང་གི་ལོ་དགུའི་འགན་བབ་སློབ་གསོའི་མཐའ་མའི་དཔྱད་དཔོག་གི་ལོ་རེད། ལོ་དེར་ང་ཚོ་དགེ་རྒན་གྱི་ལས་འགན་གཙོ་བོ་ནི་སློབ་ཕྲུག་སློབ་གྲྭར་ཉར་ཐུབ་པ་བྱེད་རྒྱུ་དེ་ཡིན་པས། དེ་དུས་རྫོང་གི་སྲང་ལམ་གང་སར་ང་ཚོ་དགེ་རྒན་དང་སློབ་ཕྲུག་གིས་ཞི་མི་དང་ཙི་ཙིའི་རྣམ་ཐར་མང་དུ་བསྐྱངས་ཡོད་པར་ནམ་མཁའི་ཉི་ཟླ་ཁོ་ནས་བདེན་དཔང་བྱེད་ངེས་རེད་ལ། ང་ཚོ་ནི་ཉིན་མོ་དགེ་རྒན་དང་། མཚན་མོ་སྤྱི་བདེའི་མི་སྣ། ཞོགས་དགོང་གཉིས་ལ་རྩིས་པ་རེད་ཅེས་དེ་དུས་ང་ཚོ་དགེ་རྒན་ཁྲོད་དུ་རླུང་ལྟར་གྲགས་ཡོད་ཨང་།
སློབ་ཕྲུག་བྲོས་བྱོལ་དུ་སོང་བའི་དོན་དེ་དང་ལྷག་རྡོར་ལས་སྒྱུར་བྱས་པའི་དོན་དེ་གཉིས་ནི་ངའི་དྲན་པའི་ཡོལ་བ་ཕྱེ་བའི་མངོན་མེད་ཀྱི་ཡལ་ག་ལྔ་པ་འདྲ། ངས་ཁ་རྒྱབ་ཏུ་བསློགས་ནས་ངག་དབང་ལ་དེ་སྔོན་ལོ་དགུའི་འགན་བབ་སློབ་གསོའི་དཔྱད་དཔོག་སྐབས་སུ་བྱུང་བའི་གནས་ཚུལ་བརྗོད་བསམས་མོད། ཁོ་ནི་ཡང་ཟོར་དོད་པོས་སློབ་གྲྭའི་རྒྱལ་སྒོའི་ཕྱོགས་སུ་འགྲོ་བཞིན་འདུག་པས། ང་ཡང་ཐད་ཀར་གཞུང་ལས་ཁང་དུ་ཕྱིན། གཞུང་ལས་ཁང་གི་སྒོ་འཛུལ་ནས་ཚོམས་ཆེན་དུ་སླེབས་དུས། སྐས་ཀའི་ཐོད་དུ་ཡོད་པའི་གདུང་མ་གྲུ་བཞི་མ་དེའི་ངོས་སུ་བྲིས་པའི“བྱོལ་འགོག་སློབ་སྲུང”ཞེས་པའི་ཡི་གེ་བཞི་ངའི་མིག་ངོར་ཁྲ་ལམ་མེར་འཆར།
“ཡི་གེ་བཞི་པོ་དེ་ནི་ལོ་དགུའི་འགན་བབ་སློབ་གསོའི་དཔྱད་དཔོག་དུས་སུ་ཡ་གིའི་དབུ་ཁྲིད་ནས་མ་གིའི་ཁྱིམ་བདག་བར་གྱི་རྣ་རྩར་ཡང་ཡང་གྲགས་པའི་ཐ་སྙད་ཅིག་རེད་ལ། དེ་དུས་ང་ཚོ་དགེ་རྒན་གྱིས་ཐ་སྙད་དེ་ཉིད་རྩ་དོན་དུ་བཟུང་ནས་ལས་ཀ་བྱེད་དགོས་རེད་ཨང” ཡི་གེ་བཞི་པོ་དེ་མཐོང་འཕྲལ་སྐས་ཀ་འཛེག་བཞིན་པའི་ངའི་ཡིད་ལ་དེ་ལྟར་འཁོར་བ་དང་སྦྲགས། དེ་སྔོན་ལོ་དགུའི་འགན་བབ་སློབ་གསོའི་དཔྱད་དཔོག་དུས་སུ་ལྷག་རྡོར་དང་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་བྱས་པའི་ལོ་ཟླ་དྲན།
“ཏིར། ཏིར། ཏིར། ”
ངའི་ཁ་པར་གྲགས་བྱུང་བས། ངས་གཉིད་མ་དྭངས་པའི་མིག་ཟུང་ཤུགས་ཀྱིས་གདངས་ནས་ཁ་པར་ལ་བལྟས་པས་ལྷག་རྡོར་ཡིན་པ་ཤེས།
“ནོར་བུ། ད་དཔེ་བསགས་འདུག ཡང་རྣམ་རྟོག་ངག་དབང་ཁོ་བྲོས་འདུག ད་ཆང་འཐུང་ཁར་རྫ་མ་ཆག་པ་རང་རེད་འདུག ”
“ད་གང་འདྲ་བྱེད་མཁན་ཡིན་ནམ ”
“སྔོན་ལ་ང་རྩད་གཅོད་པར་འགྲོ་གི་ཡིན། གལ་སྲིད་ནང་ལ་ལོག་ཡོད་ན་རོགས་པ་བྱེད་རོགས”
“ཡཱ་ཡ”
ངས་ཁ་པར་བཀག་ནས་ཆུ་ཚོད་ལ་ལྟ་ཙམ་བྱས་པས། ཆུ་ཚོད་བརྒྱད་པ་ཟིན་ལ་ཁད་པས། ཞོགས་ཚོགས་འཚོག་གྲབས་ཡོད་པ་ཤེས།
“མདང་ནུབ་ཆུ་ཚོད་གཉིས་པ་བར་ང་དང་མཉམ་དུ་སོ་པ་ནང་བཞིན་སློབ་གྲྭའི་ཕྱོགས་བཞི་བསྲུངས་ནས་བསྡད་པའི་ལྷག་རྡོར་གཉིད་ག་ནས་དྭངས་སྲིད། ཡིན་ནའང་། སློབ་ཕྲུག་བྲོས་བྱོལ་སོང་བའི་གཏམ་ངན་དེ་ནི་ཁོའི་རྣ་རྩར་འཁར་རྔ་བརྡུངས་པ་དང་གཉིས་སུ་མེད་པས། ཁོ་གཉིད་མི་དྭངས་ཅི་ལ་སྲིད”ངས་སྔས་འབོལ་ལ་བཟོ་སྐྱོར་ཞིག་བྱས་ནས་ལག་པ་འགྲམ་འོག་ཏུ་བཅུག་སྟེ་མུ་མཐུད་གཉིད་ལ་ཅུང་ཟད་ཞུགས་བསམ་དུས་སེམས་ལ་དེ་ལྟར་འཁོར།
ང་ཡང་བསྐྱར་གཉིད་ལས་སད་ནས་ལུས་སྟོད་མལ་ཆས་ལས་ཡར་བཏོན་ཏེ་ལངས་རྩིས་བྱེད་སྐབས། ཏག་ཏག་ལྷག་རྡོར་གྱི་ཁ་པར་སླེབས་བྱུང་།
“ད་ཁོ་ནང་ལ་བྲོས་བདེན་པ་རེད་འདུག ཡིན་ནའང་ནང་མིར་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག ཕལ་ཆེར་ནང་ལ་ལོག་པའི་ལམ་བར་དུ་ཡོད་ཀྱི་རེད། སྦག་སྦག་བཏང་ནས་ཕྱིན་ན་གཅིག་བྱས་ན་ལམ་བར་ནས་རྗེས་ཟིན་མི་ཡོང་ངམ། གཞན་མ་གཏོགས་ནང་མིས་སྐྱེལ་རྒྱུ་བསྒུགས་བསྡད་ན་ཕྱི་དྲོའི་ལྟ་སྐོར་ལ་རྗེས་ཟིན་ཨ་ཡོང”
ལྷག་རྡོར་གྱིས་དབུགས་ཐེངས་གཅིག་ལ་དེ་ལྟར་བཤད་པས། ང་རང་ལན་ཡང་སློག་མ་ཤེས་པར་ཅུང་ཟད་ལུས། ངས་ལུས་སྟོད་སྒུར་སྒུར་བྱས་ཏེ་ལག་གཡས་པས་ཁ་པར་བཟུང་ནས་ཨམ་ཅོག་གི་འགྲམ་དུ་སྦྱར་བ་དང་། ལག་གཡོན་མས་འཇུར་རྟའི་ལྷམ་རི་ནས་འཐེན་གྱིན། “ད་ལྟ་ག་པར་ཡོད། ངས་ལམ་སེང་ཡོང་ཆོག”ཅེས་བཤད་ནས་ཁ་པར་ཁ་བཀག་སྟེ་ཁྲུས་ཁང་དུ་འཛུལ།
“རྡང” ཀུན་སྤྱོད་ཁྲུའུ་ཡི་སྒོ་ཤུགས་ཀྱིས་ཕྱེ་སོང་བས། ང་འདྲོགས་ཙམ་བྱས།
“ཁྲོ་ལོབ” བསྟན་པས་ཉོས་མ་ཐག་པའི་མོ་ཊའི་ལྡེ་མིག་སྒྲོག་ཙེ་ནར་མོ་དེའི་ངོས་སུ་གཡུགས་ནས་ཅུང་ཟད་དུབ་པའི་ཚུལ་གྱིས་རྐུབ་སྟེགས་སུ་བསྡད་དེ། “ནམ་ཞོགས་པ་ནས་ཧོན་འཐོར་ནས་ཅི་བྱེད་དོ”ཞེས་ང་ལ་བཤད།
“ད་ལྟ་སློབ་མའི་ཉལ་ཁང་བསྐོར་ནས་སླེབས་མ་ཐག་ཡིན”
“ཉལ་ཁང་ལ་ག་རེ་བྱེད་པར་ཕྱིན་པས”
“ཡང་འབྲོག་ཕྲུག་ཅིག་བྲོས་འདུག”
“ད་གཅིག་གཉིས་ད་ཡིན་འགྲོ། སྔ་མ་ག་ཚོད་དང་ག་ཚོད་བྲོས་ཀྱི་མ་རེད་དམ”
“སྔ་མོའི་སྐོར་མ་ཤོད་དང་། སྔ་མོའི་སྐོར་དྲན་དུས་མིག་ཆུ་ཡང་ཤོར་གྲབས་བྱེད་ཀྱིས”
“མིག་ཆུ་ནི་ཤོར་དགོས་བྱས་ཨ་ཡོང་། ཡིན་ནའང་། སྔ་མ་སྡུག་པོ་མྱངས་པ་བརྗེད་སོང་ན། ད་ལྟ་སྐྱིད་པོ་ཡིན་པ་ཧ་གོ་གི་མ་རེད”
“ད་དེ་ཧ་མ་གོ་བ་ག་པར་ཡོད་དམ”
“ང་ཚོས་སྡུག་པོ་མྱངས་ཙང་ཧ་གོ་དགོས་བྱུང་། ཡིན་ནའང་། དེང་སང་དགེ་རྒན་གསར་པ་ཁག་གཅིག་གི་བསམ་པར་ད་ལྟ་སློབ་ཕྲུག་ཁྲ་རོག་རོག་འཛོམས་ཡས་འདི་རང་བཞིན་གྱིས་བྱུང་བ་རེད་བསམས་ཀྱི་ཡོད་ས་རེད”
བསྟན་པས་དེ་ལྟར་བཤད་ཟིན་མཚམས་ང་ལ་ལྟ་ཙམ་ཡང་མ་བྱས་པར་ཡང་བསྐྱར་ལྡེ་མིག་དེ་ལག་ཏུ་བཟུང་ནས་ཕྱིར་བུད་པས། ང་ཡང་བསྐྱར་ཕྱིར་དྲན་གྱི་ཀློང་དུ་ཐིམ།
ང་རང་སློབ་གྲྭའི་སྒོ་ཁར་སླེབས་དུས། ལྷག་རྡོར་བདེ་སྲུང་བ་སྤོ་བོ་བསམ་འཕེལ་ལགས་དང་ཅི་ཞིག་ཤོད་ཀྱིན་འདུག
ང་རང་སླེབས་པ་མཐོང་འཕྲལ། ལྷག་རྡོར་གྱིས་སྤོ་བོ་བསམ་འཕེལ་ལགས་དང་སྐད་ཆ་ཤོད་འཕྲོ་བཞག་ནས་ངའི་འཁྲིས་སུ་ཡོང་སྟེ། “ནོར་བུ། ངས་སྔ་མ་ནས་ད་ག་རང་བྱེད་ཀྱི་རེད་བསམས་བྱུང་། ངག་དབང་ཁོ་ནམ་རྒྱུན་བོད་ཕྲུག་དེ་ཚོ་དང་འཆམ་གྱི་མི་འདུག ངས་ཉལ་ཁང་བརྗེ་བསམས་ནས་སློབ་སྤྱི་སྐལ་བཟང་ལ་སྙན་སེང་ཞུས་ཀྱང་མོས་མཐུན་བྱས་མ་བྱུང་། མ་གཞི་ཁོ་ནམ་རྒྱུན་སྡོད་ཚུགས་ཙམ་ཡོད་མོད། ཉལ་ཁང་ནང་དུ་འཆམ་མཐུན་མེད་པ་དེས་ནམ་ཞིག་རྙོག་དྲ་སློང་གི་རེད་བསམས་བྱུང་། ད་ངས་སེམས་ཁྲལ་བྱེད་པའི་གནས་ཚུལ་དེ་ཏག་ཏག་ལྷག་སོང་། རྣམ་རྟོག་ལ་ཨང”
ལྷག་རྡོར་གྱིས་སྐད་ཆ་གཅིག་ལ་གཅིག་མཐུད་ནས་མགྱོགས་པོར་བཤད་དེ། ང་ལ་བསམ་བློ་གཏོང་བའི་གོ་སྐབས་ཙམ་ཡང་མ་སྤྲད། ངས་ལྷག་རྡོར་གྱི་གདོང་ལ་དངངས་འཚབ་དང་ཕངས་སེམས་སྦྲགས་མའི་མདངས་ཤིག་ཤར་བ་མཐོང་།
(མུ་མཐུད་འགོད་རྒྱུ)
འབྲེལ་ཡོད་གསར་འགྱུར།