ཇ་དང་འབྲེལ་བའི་སེམས་ཚོར།
ཇ་ཐུག་འཐུང་འདོད་སེམས་པ་འཚབ་དྲགས་པས། །
ཇ་ཁང་སྒོ་རྩར་ཉི་ཤར་ཙམ་ནས་འབྱོར། །
ཇ་གྲོགས་མ་འཛོམས་གཅིག་པུར་སྒུག་ཞོར་དུ། །
ཇ་དང་འབྲེལ་བའི་སེམས་ཚོར་འདི་དག་བྲིས། །
ཇ་ཁང་སྒྲིག་ཆས་སྤུས་དག་གཙང་སྦྲ་ལེགས། །
ཇ་དང་ཞལ་ཟས་གནོད་མེད་བྲོ་བ་ཞིམ། །
ཇ་མའི་རྣམ་འགྱུར་སྐུ་མགྲོན་མིག་ལ་མཛེས། །
ཇ་ཡི་རིག་གནས་ལྷ་ལྡན་གྲོང་གི་རྒྱན། །
རང་རེའི་ཇ་ཡི་ལོ་རྒྱུས་བརྗོད་མི་ལངས། །
རང་རེའི་ཇ་འདི་རྨད་བྱུང་འཐུང་བྱ་ཡིན། །
རང་རེའི་ཇ་འདི་རོ་བཅུད་ཕུན་སུམ་ཚོགས། །
རང་རེའི་ཇ་འདིར་མི་དགའ་སུ་ཞིག་ཡོད། །
ཇ་ཞིང་ར་བར་ཆུ་འདྲེན་ལུད་འདེབས་དང་། །
ཇ་ལོའི་མྱུ་གུ་སྐྱེད་སྲིང་གང་ལེགས་དང་། །
ཇ་ལོ་བཏུས་ཏེ་ལས་སྣོན་ཐུམ་སྒྲིལ་སོགས། །
ཇ་ཤིང་ལྷ་མོའི་སྟངས་སྟབས་ཡིད་ལ་འཆར། །
ཇ་ལ་རིགས་ཀྱང་རིག་འཛིན་རྡོ་རྗེ་དང་། །
ཇ་རིལ་ཇ་ལེབ་ཇ་སྒོར་ཇ་བག་ཆུང་། །
ཇ་འབྲུ་དང་གཉིས་ཇ་ལྗང་ཇ་པ་ཏི། །
ཇ་མཆོག་ནོར་བུ་མེ་འབར་ལ་སོགས་མང་། །
ཇ་རྟའི་གནའ་ལམ་འགྲམ་གྱི་མཛེས་ལྗོངས་དང་། །
ཇ་རྟའི་གནའ་ལམ་གཏམ་རྒྱུད་རིང་པོ་དག ། །
ཇ་ཡུན་ཙམ་ལ་འཆད་པར་མི་ནུས་པས། །
ཇ་བྲོ་མྱོང་ཞོར་དལ་བུར་གླེང་ན་སྤྲོ། །
ཇ་རྟའི་གནའ་ལམ་ལམ་ཐག་ལྷག་པར་རིང་། །
ཇ་རྟའི་ཉོ་ཚོང་ཚོང་ལས་འཁྲུག་ཆ་དོད། །
ཇ་དོ་སྐྱེལ་འདྲེན་འདྲེན་བྱེད་རྟ་ཁལ་མིན། །
ཇ་ལོ་བག་ཆུང་ཆུང་ངུའི་ཚོང་ཟོག་མིན། །
ཇ་ཁོག་ནང་དུ་ཇ་ཆུ་ཡང་ཡང་བསྐོལ། །
ཇ་སྐྱོགས་ཁྱེར་ནས་ཇ་ཁུ་ཡང་ཡང་འཕྱར། །
ཇ་མདོང་ནང་དུ་ཇ་མར་ཡང་ཡང་བསྲུབས། །
ཇ་མདོང་མེད་དུས་ཇ་དཀྲུག་ཆུང་ཆུང་སྤྱོད། །
ཇ་ཚགས་སྤྱད་ནས་ཇ་རོ་གཙང་མར་འདོན། །
ཇ་དམ་ཡང་ན་ཇ་ཁྲའི་ནང་དུ་བླུགས། །
ཇ་ཞག་སྐྱོམ་ནས་ཇ་ཕོར་ནང་དུ་འདྲེན། །
ཇ་དཀར་ནང་ནས་ཇ་ཕུད་ཇོ་བོར་ཕུལ། །
ཇ་ཆང་ལྷ་མོའི་བསྟན་བཅོས་ཞེས་པའི་ནང་། །
ཇ་ཆང་སྐྱོན་ཡོན་ཇི་ལྟར་རྩོད་ན་ཡང་། །
ཇ་ཡི་དགེ་མཚན་ཆང་ལས་ཆེས་ལེགས་པ། །
ཇ་པ་ཆང་མའི་སེམས་ལ་ལྷག་ཏུ་གསལ།
ཇ་ཡུན་ཙམ་གྱི་དུས་ཁོམ་བེད་སྤྱད་ནས། །
ཇ་ཕོར་གང་གི་ཇ་བྲོ་མ་མྱངས་གོང་། །
ཇ་རིན་ཐུག་རིན་ཙམ་གྱི་དོན་ཆུང་ལ། །
ཇ་གྲོགས་རེ་འགའི་མི་གཞི་གླེང་མི་བྱ། །
ཇ་ལ་སྡང་བའི་བདེ་ལྡན་བདུད་རྩི་ཁོས། །
ཇ་ཤིང་དུག་གི་སྡོང་པོ་ཡིན་རབས་དང་། །
ཇ་མར་ཚྭ་ལ་ཉེས་དམིགས་ཡོད་ལུགས་སོགས། །
ཇ་ལ་སྨད་ཀྱང་བདག་ཅག་ཇ་ལ་དགའ། །
ཇ་ཁང་ནང་དུ་དགོད་བྲོའི་གཏམ་གླེང་སྙན། །
ཇ་ཁང་ནང་དུ་སྐབས་དོན་ཆ་འཕྲིན་གསར། །
ཇ་ཁང་ནང་དུ་རིག་པའི་རྩོད་གླེང་འཁྲུག །
ཇ་ཁང་ནང་དུ་ཤེས་བྱའི་དཔལ་ཡོན་རྒྱས། །
ཐུང་ཐུང་གོམ་གསུམ་བར་ན་རྩྭ་ཕྲན་ཡོད། །
ཉུང་ཉུང་མི་གསུམ་དབུས་ན་སློབ་དཔོན་ཡོད། །
སྐྱིད་སྐྱིད་རིག་པའི་སྐྱེད་ཚལ་ཇ་ཁང་དུ། །
བཟང་བཟང་ཇ་གྲོཊ་འདི་དག་བཤེས་གཉེན་ཡིན། །
རིང་རིང་མི་ཚེར་སྙིང་པོ་ལེན་དཀའ་ཡང་། །
སྐབས་སྐབས་གསོལ་ཇ་མཆོད་ཞོར་རིན་ཐང་གླེང་། །
མང་མང་ལས་བྲེལ་ཚར་རྒྱུ་མེད་ན་ཡང་། །
ཞིམ་ཞིམ་གསོལ་ཇས་ངལ་དུབ་སེལ་བར་མཛོད། །
ཞིམ་ཞིམ་གསོལ་ཇས་སྐོམ་པ་སེལ་མོད་ཀྱང་། །
རང་རང་ཁམས་དང་བསྟུན་ཏེ་རན་ཚོད་མཆོད། །
དལ་དལ་ངང་ནས་ཇ་བྲོ་མྱོང་བཞིན་དུ། །
བྲེལ་བྲེལ་འཚོ་བར་ངལ་གསོ་ཅུང་ཞིག་གནོངས། །
ཆུང་དུས་ཇ་ལྡུར་བལྡགས་ནས་ངུ་ལྷང་ལྷང་། །
གཞོན་དུས་ཇ་མར་དཀོན་པས་སྐྱོ་ལྷང་ལྷང་། །
རྒས་དུས་ཇ་ཞོར་གཏམ་གྱིས་དགོད་ལྷང་ལྷང་། །
མི་ཚེ་ཇ་དང་བྲལ་ན་སྟོང་ལྷང་ལྷང་། །
ཞིམ་ཞིམ་གསོལ་ཇ་ཤེས་རབ་སྒྲོལ་མ་འདི། །
གསལ་གསལ་ཤེས་རིག་བཀྲ་བའི་གྲོཊ་མཆོག་ཡིན། །
དལ་དལ་ཇ་བྲོ་མྱོང་བཞིན་མི་ཚེ་ལ། །
ཡང་ཡང་འདང་རྒྱག་བྱས་ན་དགེ་མཚན་མངོན། །
ཇ་ལོ་ཟགས་པ་ལྟ་བུའི་ལང་ཚོ་དང་། །
ཇ་ཡུན་ཚོར་སྣང་ཙམ་གྱི་དལ་རྟེན་ཡང་། །
ཇ་མར་ལྟོ་འགྲངས་འབའ་ཞིག་མ་བརྩོན་པར།
ཇ་ཐུག་འཐུང་བཞིན་དལ་འབྱོར་དོན་ཡོད་མཛོད། །
ད་ནི་ཇ་གྲོགས་རྣམས་ཀྱང་རིམ་བཞིན་འཛོམས། །
དྲི་ཞིམ་ཇ་ཡི་རོ་བཅུད་མྱོང་ཞོར་དུ། །
རང་རྩོམ་ཇ་དང་འབྲེལ་བའི་སེམས་ཚོར་འདིར། །
གཟུར་གནས་ཇ་གྲོགས་རྣམས་ཀྱིས་དཔྱད་པར་ཞུ། །
འབྲེལ་ཡོད་གསར་འགྱུར།