པིར་རྩེ་ལས་འཁྲུངས་པའི་བརྩམས་ཆོས། གསར་གཏོད་ལས་རྒྱས་པའི་གསོན་ཤུགས།
—— མངོན་མིན་རིག་གནས་ཤུལ་བཞག་བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་རྡོ་རྗེ་ཚེ་དབང་གི་སྐོར་བཀོད་པ།

རྡོ་རྗེ་ཚེ་དབང་གིས་འཛད་སྤྱོད་པར་རང་ཉིད་ཀྱི་བརྩམས་ཆོས་ངོ་སྤྲོད་བྱེད་བཞིན་པ།
ལེ་ཚན་གཏོད་པའི་གཏམ།
སྤྱི་ཚོགས་གོང་དུ་འཕེལ་བའི་འགྲོས་དང་བསྟུན་ནས། ལས་རིགས་ཁག་ཏུ་འབད་འབུངས་ཡར་བརྩོན་གྱི་ན་གཞོན་མང་དག་ཅིག་ཆར་རྗེས་ཀྱི་སྤང་ལ་ཤ་མོ་བརྡོལ་བ་ཇི་བཞིན་ཐོན་དང་འཐོན་མུས་ལགས། གཅིག་བྱས་ན། ཁོང་རྣམ་པ་ནི་ལས་རིགས་གང་དེའི་ནང་གི་རྩེར་སོན་ནམ་ཕུལ་དུ་བྱུང་བ་དེ་ཡིན་མི་སྲིད། འོན་ཀྱང་། ཁོང་ཚོས་སྒྲུབ་བཞིན་པའི་ལས་དོན་འདིར་དོན་སྙིང་དང་རིན་ཐང་ཆེས་ཆེར་ལྡན། ཁོང་ཚོ་ལ་ལ་ནི་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་མཁན་དང་། ཁག་གཅིག་ནི་གསར་དར་གྱི་ལག་རྩལ་ལ་བརྟེན་ནས་སྲོལ་རྒྱུན་གྱི་རིག་གནས་དང་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན། འགའ་ཞིག་ནི་མིང་གྲགས་རིང་དུ་དོར་ནས་ལེགས་སྐྱེས་འབུལ་མཁན་གྱི་ན་གཞོན་ཤ་སྟག་རེད།
《ཅི་འཕྲོས་མོལ་འཕྲོས》ཞེས་པའི་ལེ་ཚན་གསར་པ་འདི་ནས་ང་ཚོས་ཁོང་རྣམ་པའི་གྲུབ་འབྲས་དང་གྲུབ་འབྲས་ཐོབ་རྗེས་ཀྱི་ཉམས་མྱོང་ལ་རྒྱུས་མངའ་ལོན་པར་བྱེད་རྒྱུ་ཡིན་ལ། ཁོང་རྣམ་པ་ལམ་དེར་ཞུགས་སྐབས་འཕྲད་པའི་དཀའ་ངལ་གྱི་མདུན་དུ་ཐེ་ཚོམ་དང་། ཁྱད་བསད། འབད་བརྩོན། རྒྱུན་འཁྱོངས་སོགས་ཀྱི་གཏམ་རྒྱུད་གླེང་གི་ཡིན། ང་ཚོས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་བ་ནི་ཁོང་ཚོར་ཐོབ་པའི་གྲུབ་འབྲས་ཙམ་མིན་པར། ཁོང་རྣམ་པ་ལམ་དེར་ཞུགས་པའི་ཉམས་མྱོང་དང་བརྒྱུད་རིམ་དེ་ལགས།
ཁོང་རྣམ་པའི་གཏམ་རྒྱུད་རེ་རེ་ལས། རྒྱ་ཆེའི་གཞོན་ནུ་ཚོར་འབད་བརྩོན་གྱི་ཁ་ཕྱོགས་སྟོན་ཐབས་དང་ཡར་སྐུལ་གྱི་དུང་བརྡ་གཏོང་ཐབས་ཞུ་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགྱེས་གཟིགས་ཡོད་པ་ཞུ།

གངས་ལྗོངས་ས་མཐོའི་རིག་གནས་ཀྱི་གཏེར་མཛོད་ཆེ་མོའི་ནང་བོད་ཡིག་ཡིག་གཟུགས་ནི་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་དང་འདྲ་བར་ལོ་ངོ་སྟོང་གི་བློ་རིག་དང་མཛེས་ཉམས་འཆོར་བཞིན་མཆིས། དེང་གི་ཆར། ན་གཞོན་ཡིག་མཁན་ཞིག་གིས་དེར་བཅངས་པའི་བརྩེ་སེམས་དང་རང་ཉིད་ཀྱི་གསར་རྩོམ་ནུས་པར་བརྟེན་ནས། སྲོལ་རྒྱུན་གྱི་རིག་གནས་དེར་གསོན་ཤུགས་གསར་པ་སྦྱིན་ཞིང་། འཛམ་བུ་གླིང་ལ་བོད་ཡིག་ཡིག་གཟུགས་སྐད་གྲགས་ཆོད་པའི་རེ་བ་བྱས་དང་བྱེད་མུས་ཡིན་པ་གང་ཞིག་བརྩོན་འགྲུས་ཀྱི་རྒྱུན་བསྐྱངས་བཞིན་མཆིས། ཁོང་ནི་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་རྡོ་རྗེ་ཚེ་དབང་རེད།
རྡོ་རྗེ་ཚེ་དབང་གི་ལས་སྒྲུབ་ཁང་དུ་འཛུལ་མ་ཐག སྣག་ཚ་དང་སྣུམ་ཚོན་རྒྱུ་ཆའི་དྲི་ཞིམ་འཐུལ་འོང་བ་དང་། ད་ལོ་ལོ་27ལ་སླེབས་པའི་ཡིག་མཁན་ཁོང་གི་ངོ་གདོང་ལས་བབ་ཆགས་ཤིང་ཁེངས་སྐྱུང་ལྡན་པའི་མི་གཤིས་མངོན་བཞིན་འདུག་ལ་སྐད་ཆ་ཤོད་སྟངས་དང་བྱེད་ལུགས་བྱེད་སྟངས་ཀྱིས་ཡ་རབས་ལས་བརྩོན་དང་ཡར་རྒྱས་བརྩོན་ལེན་གནང་མཁན་ཞིག་ཡིན་པ་ངམ་ངམ་ཤུགས་སུ་སྟེར། འོན་ཀྱང་། ཁོང་གིས་ལག་ཏུ་སྨྱུ་གུ་ཐོགས་ནས་བོད་ཤོག་སྟེང་བོད་ཡིག་ཡིག་གཟུགས་དང་དེང་དུས་སྒྱུ་རྩལ་མཉམ་དུ་བསྲེས་པའི་བརྩམས་ཆོས་འབྲི་སྐབས། རིག་གནས་ཀྱི་གདེང་ཚོད་ཆེན་པོ་ཞིག་རང་ཤུགས་སུ་མངོན་འོང་།

རྡོ་རྗེ་ཚེ་དབང(དཀྱིལ)རོགས་པ་དང་མཉམ་དུ་པར་རྒྱག་བཞིན་པ།
དགའ་མོས། སློབ་གཉེར་གྱི་ལམ་བུར་སྤྲོ་སེམས་ཀྱི་མྱུ་གུ་འབུས་པ།
རྡོ་རྗེ་ཚེ་དབང་དང་ཡིག་གཟུགས་དབར་གྱི་ལས་འཕྲོའི་མདུད་པ་དེ་སློབ་ཆུང་ནས་ཐེབས་ཡོད། ཁོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་ནས་ཡིན་པ་དང་། ཕ་ཡུལ་གྱི་དགོན་སྡེའི་ལྡེབས་རིས་དང་། མཛེས་ལྗོངས། ཡུལ་སྲོལ་གོམས་གཤིས་ལ་སོགས་པས་ལོ་ན་ཕྲ་བའི་རྡོ་རྗེ་ཚེ་དབང་གི་སེམས་ཀྱི་ཞིང་ཁམས་སུ“མཛེས་ཆོས”ཀྱི་ས་བོན་བཏབ་ཡོད། སློབ་ཆུང་འགྲིམ་དུས། སློབ་སྤྱི་བསོད་ནམས་ཚེ་དབང་ནི་ཁོང་གི་བོད་ཡིག་དགེ་རྒན་ཡིན་ཞིང་། རྒན་ལགས་ཀྱི་སློབ་ཁྲིད་ལས་རྡོ་རྗེ་ཚེ་དབང་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ལྷག་པར་དུ་རྒན་ལགས་ཀྱིས་ཞིབ་ཚགས་ནན་ཏན་གྱིས་དབུ་ཅན་དང་འཁྱུག་ཡིག་སོགས་ནག་པང་ཐོག་འབྲི་སྐབས། རྡོ་རྗེ་ཚེ་དབང་གི་ངོས་ནས་བརྗོད་ན་དེ་དག་ནི་གཟུགས་ཙམ་མ་ཡིན་པར། ལྟ་བས་མི་ངོམ་པའི་མཛེས་ལྗོངས་ཤིག་རེད། དུས་དེ་ནས་བཟུང་། སློབ་གྲྭ་གྲོལ་རྗེས། བོད་ཡིག་ཡིག་གཟུགས་སྦྱོང་རྒྱུ་དེ་ཁོང་གི་དགའ་ཕྱོགས་ཤིག་ཏུ་གྱུར་ལ། སྒྲུབ་འདོད་ཆེ་ཤོས་ཀྱི་བྱ་བ་ཞིག་ཏུའང་གྱུར།
དགའ་ཕྱོགས་ནི་དགེ་རྒན་ཡག་ཤོས་ཡིན་ཞེས་པ་ལྟར། སློབ་ཆུང་དང་སློབ་འབྲིང་འགྲིམ་དུས་བོད་ཡིག་ཡིག་གཟུགས་སྦྱོང་རྒྱུ་དེ་རྡོ་རྗེ་ཚེ་དབང་གི་གོམས་གཤིས་སུ་གྱུར་བས། ཉལ་ཁང་ནས་དཔེ་ཁང་བར་ཡིག་གཟུགས་སྦྱོང་བའི་ཁྲོད་ཞོགས་པ་མང་པོ་ཚུར་ལ་བསུས་ལ་ས་སྲོས་མང་པོ་ཕར་ལ་བསྐྱལ་ཅིང་། ཁོང་གིས་སྔ་རྗེས་སུ་དབུ་ཅན་དང་། དབུ་མེད། འཁྱུག་ཡིག་སོགས་ཡིག་གཟུགས་དོ་དོ་ནན་ནན་གྱིས་སྦྱངས་ཏེ། སྲོལ་རྒྱུན་ཡིག་གཟུགས་ཀྱི་རྨང་གཞི་གང་ལེགས་འདིང་ཐབས་བྱས།

རྡོ་རྗེ་ཚེ་དབང་ཡིག་གཟུགས་དགེ་རྒན་ངག་བཟང་ལགས་ཀྱིས་དགེ་ཕྲུག་བསྡུ་བའི་མཛད་སྒོར་ཞུགས་པ།
གདམ་ག འཆད་སྟེགས་ནས་ལས་སྒྲུབ་ཁང་དུ་གོམ་ཁ་བསྒྱུར་བ།
2020ལོར། རྡོ་རྗེ་ཚེ་དབང་ཧྲང་ཧའེ་ཉེར་སྤྱོད་ལག་རྩལ་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ལོ་གཉིས་ལྷག་ཙམ་རིང་ནག་ཆུ་གྲོང་ཁྱེར་གྱི་སློབ་ཆུང་ཞིག་ཏུ་སློབ་ཁྲིད་ཀྱི་ལས་ལ་གཞོལ། སློབ་ཁྲིད་བྱེད་སྐབས། ཁོང་གིས་ཡིག་གཟུགས་ལ་བཅངས་པའི་ཐོག་མའི་བརྩེ་སེམས་ལ་གཡོ་འགུལ་སྤུ་ཙམ་ཡང་ཐེབས་མེད། ཁོམ་པ་ཡོད་རིམ་བཞིན་ཡིག་གཟུགས་སྦྱོང་བ་དང་ཡིག་གཟུགས་ཀྱི་གཞུང་ལུགས་ལྟ་རྒྱུ་དེའང་ལོ་གཉིས་རིང་ཁོང་གིས་རྒྱུན་འཁྱོངས་ཐུབ་པའི་བྱ་བ་ཞིག་རེད། ཕུགས་བསམ་དང་དོན་དངོས་ཀྱི་མདུན་དུ་མནོ་བསམ་ཞིབ་མོར་བཏང་རྗེས། རྡོ་རྗེ་ཚེ་དབང་གིས་མི་གཞན་གྱི་བསམ་པའི་ཡུལ་ལས་འདས་པའི་གདམ་ག་ཞིག་བྱས་པ་སྟེ། དགེ་རྒན་གྱི་ལས་གནས་ནས་དགོངས་པ་ཞུས་ནས། ལྷ་སར་རང་ཉིད་ཀྱི་ལས་སྒྲུབ་ཁང་ཞིག་བཙུགས། “མི་མང་པོ་ཞིག་ངའི་གདམ་ག་དེར་ཧང་སངས་ཡོད། གང་ལགས་ཤེ་ན། གདམ་ག་དེར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་རྒྱུ་ནི་སྨོས་མེད་རེད། འོན་ཀྱང་། བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དེ་ནི་ངའི་འོས་འགན་ཞིག་ཡིན་བསམ་གྱི་འདུག”ཅེས་མི་ཚེའི་ལམ་བུ་གསར་པའི་སྐོར་གླེང་སྐབས་རྡོ་རྗེ་ཚེ་དབང་གི་ངོ་གདོང་ནས་ན་ཚོད་དང་མི་མཉམ་པའི་སྒམ་བརླིང་དང་བློ་རྩ་བརྟན་པའི་རྣམ་འགྱུར་ཞིག་མངོན་འོང་།

རྡོ་རྗེ་ཚེ་དབང་གིས་ཡིག་གཟུགས་འབྲི་བཞིན་པ།
གསར་རྩོམ། སྲོལ་རྒྱུན་དང་དེང་རབས་འདྲེས་མའི་ལམ་བུ་ཞིག་བཏོད་པ།
དེ་ཡང་། རྡོ་རྗེ་ཚེ་དབང་གིས་སྲོལ་རྒྱུན་གྱི་ཡིག་གཟུགས་ཁོ་ནར་བརྩོན་ཞིབ་བྱས་ནས་མ་བསྡད་པར། དེང་དུས་ཀྱི་མཛེས་དཔྱོད་ལྟ་བ་དང་ཟུང་དུ་འབྲེལ་ནས་དབྱེ་ཞིབ་ཟབ་མོ་བྱེད་པ་དང་། ལྷག་པར་དུ་གཞོན་སྐྱེས་རྣམས་ཀྱིས་དེང་རབས་སྒྱུ་རྩལ་ལ་བཅངས་པའི་དགོས་མཁོ་གསར་པར་ཤེས་རྟོགས་གཏིང་ཟབ་བྱས་ཏེ། སྲོལ་རྒྱུན་གྱི་ཡིག་གཟུགས་དང་དེང་རབས་ཀྱི་རི་མོའི་སྒྱུ་རྩལ་མཉམ་འདྲེས་ཇི་ལྟར་བྱེད་དགོས་མིན་ཐད་ལ་ཞིབ་འཇུག་ཐེངས་མང་བྱེད་མྱོང་། ཁོང་གིས་སྲོལ་རྒྱུན་བོད་ཡིག་ཡིག་གཟུགས་འབྲི་སྟངས་གཞིར་བཟུང་སྟེ། སྣུམ་ཚོན་རི་མོ་སོགས་གཞི་གཅིག་ཏུ་བསྡུས་ནས་བརྩམས་ཆོས་མང་པོ་བརྩམས།
མཉམ་འདྲེས་དེ་ནི་ཆ་བསྡུ་ཡ་བསྡུ་བྱས་ནས་བཙན་ཤེད་ཀྱིས་གཅིག་ཏུ་བསྲེས་པ་ཞིག་ག་ལ་ཡིན། རྡོ་རྗེ་ཚེ་དབང་གིས་བརྩམས་ཆོས་རེ་རེར་སྒྱུ་རྩལ་གྱི་རང་བཞིན་དང་རིག་གནས་ཀྱི་ནང་དོན་གཅིག་གྱུར་ཡོང་བར་སྣང་འཇོག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གི་པིར་རྩེ་ལས་འཁྲུངས་པའི་བརྩམས་ཆོས་དེ་དག་ཁྲོད་ལ་ལ་ནི་ཚོན་རིས་བཀྲ་བའི་སྣུམ་ཚོན་རི་མོའི་རྒྱབ་ལྗོངས་ངོས་སུ་བརྗིད་ཆགས་ཀྱི་གངས་རི་དང་འདྲ་བར་འགྱིང་ངེར་གནས་པ་དང་། ལ་ལ་ནི་མུ་མེད་ཀྱི་ཨ་སྔོན་དབྱིངས་སུ་གཤོག་རྩལ་ངོམ་ནས་ནམ་འཕང་གཅོད་པའི་ཐང་དཀར་རྒོད་པོ་དང་འདྲ་བ། ཡང་ལ་ལ་ནི་ཇུས་འགོད་རང་བཞིན་ཆེས་ཆེར་མངོན་པའི་རིག་གནས་མཚོན་རྟགས་ཀྱིས་དེང་རབས་ཀྱི་རི་མོ་དང་ཟུང་འབྲེལ་དམ་ཟབ་བྱས་ཡོད་པ་ཤ་སྟག་རེད། “ཡིག་གཟུགས་རེ་རེ་དང་། དེའི་དོན་སྙིང་། རྒྱབ་ལྗོངས། རིག་གནས་ཀྱི་གཞུང་། དེ་དག་ཚང་མ་ངའི་གསར་རྩོམ་གྱི་རིག་པའི་ཀློང་རྡོལ་བྱེད་ཅིག་ཡིན། ངའི་རེ་བར་བརྩམས་ཆོས་འདི་རིགས་ལ་དགའ་པོ་ཡོད་མཁན་རྣམས་ཀྱིས་ཕྱི་རྣམ་པའི་མཛེས་ཉམས་ཁོ་ན་ལོངས་སུ་སྤྱོད་པ་མ་ཡིན་པར། བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་རྟོགས་ཐུབ་ན་བསམ་གྱི་འདུག”ཅེས་རྡོ་རྗེ་ཚེ་དབང་གིས་འགྲེལ་བཤད་འདི་ལྟར་བརྒྱབ། བརྩམས་ཆོས་ཀྱི་སྤུས་ཚད་ལ་འཛིན་པའི་ལྟ་སྟངས་འདི་འདྲ་ཡོད་པའི་དབང་གིས། ཁོང་གི་བརྩམས་ཆོས་རེ་རེས་སྲོལ་རྒྱུན་བོད་ཡིག་ཡིག་གཟུགས་ཀྱི་སྒམ་བརླིང་དང་ཁྱད་འཕགས་རྒྱུན་འཛིན་ཡག་པོ་ཐུབ་ཡོད་པ་མ་ཟད། དེང་རབས་སྒྱུ་རྩལ་གྱི་རྣམ་པ་གང་ལེགས་མངོན་ཡོད་པས། ཡིག་མཁན་རྒན་རབས་པ་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད་ལ། འཛད་སྤྱོད་པ་མང་པོ་ཞིག་གི་ཡིད་དབང་ཡང་བཀུག་ཡོད།
“ཡིག་འབྲུ་རེར་བླ་སྲོག་རེ་ཡོད་པས། ངའི་ལས་ཀ་ནི་བླ་སྲོག་འདི་དག་དེང་རབས་སྒྱུ་རྩལ་གྱི་མཚོན་སྟངས་ཐོག་ནས་མི་རྣམས་ལ་གཤོམ་ཐུབ་པ་བྱེད་རྒྱུ་དེ་རེད”ཅེས་རྡོ་རྗེ་ཚེ་དབང་གིས་རང་ཉིད་ཀྱི་བརྩམས་ཆོས《མི་རྟག་པ》ཞེས་པ་བསྟན་ནས་གསར་འགོད་པར་འདི་ལྟར་བརྗོད།
གསར་གཏོད་གང་འདྲ་ཞིག་བྱས་ཀྱང་། དང་ཐོག་གཞན་གྱིས་དེར་དོགས་པ་དང་ཁས་ལེན་དེ་ཙམ་བྱེད་མི་སྲིད་པ་ཨ་ཅང་བརྗོད་མེད་རེད། རྡོ་རྗེ་ཚེ་དབང་གི་གསར་རྩོམ་གྱི་ལམ་བུར་ཡང་དེ་ལྟར་ཡིན་ཏེ། ཁོང་གི་སྲོལ་རྒྱུན་ཡིག་གཟུགས་དང་དེང་རབས་སྒྱུ་རྩལ་མཉམ་འདྲེས་ཀྱི་བརྩམས་ཆོས་ཐོག་མ་དེ་འདོན་སྐབས། འགའ་རེས་དང་ལེན་ཐུབ་ཀྱི་མེད་ལ། མི་མི་ཉུང་བ་ཞིག་གིས་ཁོང་གི་བྱེད་སྟངས་འདིར་ཁས་དེ་ཙམ་ལེན་གྱི་མེད། “དང་ཐོག་མི་མང་པོས་ངའི་བྱེད་སྟངས་དང་བརྩམས་ཆོས་ལ་མོས་པ་དེ་ཙམ་བྱེད་ཀྱི་མི་འདུག ལྷག་པར་དུ་འཁྱུག་དབྱིངས་སོགས་སུ་བརྩམས་ཆོས་བསྐུར་སྐབས། མི་འགའ་རེས་ཁྱོད་ཀྱིས་བོད་ཡིག་ཡིག་གཟུགས་ལ་བརྩི་འཇོག་བྱེད་ཀྱི་མི་འདུག དེ་འདྲ་བྱས་ན་ཡག་པོ་མི་འདུག་ཅེས་པ་སོགས་མི་རང་པའི་རྣམ་འགྱུར་སྟོན་གྱི་འདུག འོན་ཀྱང་། མི་མང་པོས་ངར་གདེང་འཇོག་མཐོ་པོ་བྱེད་ཀྱི་འདུག་ལ། ངའི་བརྩམས་ཆོས་ལའང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག འདི་ནི་ང་མུ་མཐུད་སྒྱུ་རྩལ་གྱི་ལམ་བུ་དེར་ཞུགས་པའི་སྟོབས་ཤུགས་ཡིན། ངའི་བསམ་པར་བེད་སྤྱོད་ནི་རྒྱུན་འཛིན་ཡག་ཤོས་དེ་རེད། དེར་བརྟེན། ངས་རང་ནུས་ཡོད་རྒུས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གཏོང་གི་ཡིན”ཞེས་སྤོབས་སེམས་ཆེན་པོས་བརྗོད།

རྡོ་རྗེ་ཚེ་དབང་།
འགན་འཁྲི། བོད་ཀྱི་རིག་གནས་འཛམ་བུ་གླིང་དུ་ཁྱབ་གདལ་བཏང་བ།
ད་ཆ། རྡོ་རྗེ་ཚེ་དབང་ནི་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་བོད་ཡིག་ཡིག་གཟུགས་ཀྱི་རྒྱུན་འཛིན་པ་དང་། གཞིས་རྩེ་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་འཐུས་མི། ལྷ་ས་གྲོང་ཁྱེར་མཛེས་རྩལ་མཐུན་ཚོགས་ཀྱི་འཐུས་མི། བོད་ལྗོངས་ཐང་གའི་སྒྱུ་རྩལ་དང་རིག་གནས་མཐུན་ཚོགས་ཀྱི་འཐུས་མི་བཅས་ཡིན་ཞིང་། ལོ་ན་ཕྲ་ཡང་སྦྱངས་འབྲས་མི་དམན་པ་ཐོབ་ཡོད། རྡོ་རྗེ་ཚེ་དབང་གིས་རང་ཉིད་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་འགན་འཁྲི་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོར་བཅངས་ཡོད། ཁོང་གིས་བོད་ལྗོངས་དང་རྒྱལ་ནང་གི་ས་ཆ་གང་སར་སྤེལ་བའི་རིག་གནས་ཀྱི་བྱེད་སྒོར་ཧུར་ཐག་ཞུགས་པ་མ་ཟད། ལས་སྒྲུབ་ཁང་དང་དྲ་ཐོག་ནས་སློབ་ཁྲིད་བྱས་ཏེ། སློབ་མ་རྣམས་ལ་སྨྱུ་གུ་འཛིན་སྟངས་དང་། ཚོན་རྒྱུ་སྡེབ་སྟངས། ཡིག་གཟུགས་ཀྱི་རྣམ་པ་དང་རི་མོའི་ཚོན་རིས་སོགས་ངང་རྒྱུད་རིང་པོས་བསླབ་པ་དང་། མི་དེ་བས་མང་བས་བོད་ཡིག་ཡིག་གཟུགས་ཙམ་མ་ཟད། བོད་ཀྱི་རིག་གནས་ལ་ཤེས་རྟོགས་དང་དགའ་ཞེན་ཡོང་བར་འབད་འཐབ་བྱེད་བཞིན་ཡོད།
རྡོ་རྗེ་ཚེ་དབང་གི་བརྩམས་ཆོས་ལས་ང་ཚོས་སྲོལ་རྒྱུན་དང་དེང་རབས་སྒྱུ་རྩལ་དབར་མཉམ་འདྲེས་ཀྱི་དགེ་མཚན་མང་པོ་རྟོགས་ཐུབ་ལ། དེང་རབས་བོད་རིགས་ན་གཞོན་གྱིས་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་འཛིན་པའི་རང་རྟོགས་ཀྱི་འགན་འཁྲིའང་ཚོར་ཐུབ། ཁོང་གི་པིར་རྩལ་ལས་གངས་ལྗོངས་ས་མཐོའི་གནའ་ཉམས་མངོན་ཡོང་ལ། དེང་རབས་དང་འབྱུང་འགྱུར་ལ་ཕྱོགས་པའི་སྒྱུ་རྩལ་གྱི་རང་གཤིས་ཀྱང་མངོན་ཐུབ། “ང་དང་ང་འདྲ་བའི་བོད་རིགས་ན་གཞོན་ཚོས་དེང་རབས་ཀྱི་ལག་རྩལ་སྦྱོང་བར་སྣང་ཆེན་བྱས་ཏེ། མི་དེ་བས་མང་བས་རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་བྱ་གཞག་ལ་ཞུགས་རྒྱུའི་རེ་བ་ཆེན་པོ་ཡོད། འདི་འདྲ་བྱུང་ཚེ་གཞི་ནས་དུས་རབས་ཀྱི་གར་སྟེགས་སུ་འོད་མདངས་རབ་ཏུ་འཚེར་ངེས་རེད”ཅེས་བློ་རྩ་བརྟན་པོས་བརྗོད།
འབྲེལ་ཡོད་གསར་འགྱུར།