དབུ་ཤོག>བོད་ཀྱི་རིག་གནས།>ཆོས་ལུགས།
  • བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་གཞིས་རྩེར་འཚོགས་པ།

    པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-10

    ཚེས་8ཉིན་གྱི་སྔ་དྲོར། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་སྡོད་ཚོགས་གཙོ་གཞོན་པ་ཁྲང་ཚང་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྫོང་ལོ་བྱམས་པ་མཁས་གྲུབ་དང་ས་ལུང་ཕུན་ལགས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    པཎ་ཆེན་རིན་པོ་ཆེས་གསུང་བཤད་གནང་སྐབས། 1995ལོར་ཀྲུང་དབྱང་སྲིད་གཞུང་ནས་ང་རང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་ལ་ངོས་འཛིན་དང་ཆོག་མཆན་གནང་བ་རེད། དེའི་བརྒྱུད་རིམ་ཧྲིལ་པོར་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལ་རྦད་དེ་བརྩི་སྲུང་ཞུས་ཡོད། དེ་ནི་ཏང་གི་ཆོས་ལུགས་སྲིད་ཇུས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ཁྱབ་ཁོངས་སུ་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་ཞིག་ཡིན་པ་དང་། དེ་ལས་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་གྱི་ཡོད་ལ། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བླ་ན་མེད་པའི་རང་བཞིན་དང་སྒམ་ནན་རང་བཞིན་ཡང་ཕྱོགས་ཡོངས་ནས་གང་ལེགས་མཚོན་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ལས་དོན་ལ་དོ་དམ་བྱེད་པར་ངེས་པར་དུ་ཁྲིམས་སྐྱོང་གི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་ར་སྤྲོད་གཏིང་ཟབ་བྱས་ཡོད། ཡང་སྲིད་བཙལ་འཚོལ་ངོས་འཛིན་དང་ཁྲི་གསོལ་བྱས་ནས་ལོ་30སོང་རིང་། ཏང་ཀྲུང་དབྱང་གིས་ང་རང་འཚར་ལོངས་ཡོང་བར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངའི་གུས་མཇལ་ཐེངས་གཉིས་དང་ལེན་གནང་བ་མ་ཟད་ཐུགས་རེ་ཟབ་མོ་ཡང་བཏོན་གནང་བྱུང་། སྒྱུར་བཅོས་སྒོ་དབྱེ་དང་། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》ཁྱབ་བསྒྲགས་ལག་བསྟར་བྱས་ཏེ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཐད“རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་ཐུན་མོང་གི་ངོས་འཛིན་དུ་གྱུར་ནས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་དུ་བསྐྱོད་ཡོད་ཅེས་གསུངས་པ་རེད།

    པཎ་ཆེན་རིན་པོ་ཆེས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ངེས་པར་དུ་ཁྲིམས་ལྟར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》ཀྱིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ཁྲིམས་སྲོལ་དང་སྒྲིག་སྲོལ་ལ་གཞིགས་ཚེ། གཞི་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་བཙལ་འཚོལ་གཏན་འཁེལ་གྱི་གོ་ཆོད་རང་བཞིན་དང་དྭངས་གཙང་རང་བཞིན་ལ་སྲུང་སྐྱོང་ཏན་ཏིག་བྱེད་ཐུབ། ངེས་པར་དུ་ཆོས་ལུགས་ཀྱི་ཆོ་གར་བརྩི་སྲུང་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ཆོས་ལུགས་ཀྱི་ཆོ་གར་བརྩི་སྲུང་ཞུས་ཚེ། གཞི་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱབ་སྐྱོར་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་དད་གུས་ཐོབ་ཐུབ། ངེས་པར་དུ་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། སྐབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལ་དོ་དམ་ནན་པོ་གནང་བས། ཚད་ལྡན་དམ་ཚགས་ཀྱི་ལོ་རྒྱུས་ཀྱི་ངེས་སྲོལ་ཆ་ཚང་ཞིག་གྲུབ་ཡོད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་ལོ་རྒྱུས་ཀྱི་ངེས་སྲོལ་ལ་བརྩི་སྲུང་ཞུ་བའི་རྩ་དོན་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་སྲིད་གཞུང་གི་དབང་གྲགས་གང་ལེགས་མངོན་པ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ཚེ། གཞི་ནས་བོད་བརྒྱུད་ནང་བསྟན་རང་ངོས་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་ཐུབ། ངེས་པར་དུ་རང་ཚུགས་དང་། རང་བརྟེན། རང་སྒྲུབ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྲུལ་སྐུའི་ཡང་སྲིད་བཙལ་འཚོལ་དང་གཏན་འཁེལ་བྱེད་པར་ངེས་པར་དུ“རྒྱལ་ནང་དུ་བཙལ་འཚོལ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ”བཅས་ཀྱི་རྩ་དོན་གལ་ཆེན་མཐའ་འཁྱོངས་བྱེད་པ་དང་། མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་གང་རུང་གི་ཐེ་ཇུས་དང་གཞན་བཀོལ་མི་ཐུབ་པ། ནང་བསྟན་མཐུན་ཚོགས་ཀྱི་བྱེད་པོའི་ནུས་པ་དང་བླ་མ་སྐྱེས་ཆེན་དམ་པའི་རྐང་འཛིན་ནུས་པ་གང་ལེགས་བཏོན་པ་བཅས་བྱས་ཚེ། གཞི་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་བླ་ན་མེད་པའི་རང་བཞིན་དང་དབང་གྲགས་རང་བཞིན་མཚོན་ཐུབ། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཚེ། གཞི་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ཐུབ་ནས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཁ་ཞེ་གཉིས་མེད་ཀྱི་གོང་བཀུར་ཐོབ་ཐུབ།

    ཁྲང་ཚང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚབ་ཞུས་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། 《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱ་ཐབས》ཁྱབ་བསྒྲགས་ལག་བསྟར་བྱས་པ་དེས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་འདེད་གཏོང་བར་འགན་སྲུང་གི་ནུས་པ་གལ་ཆེན་ཐོན་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ནས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་དང་། ཆོས་ལུགས་ཞི་དུལ། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་འགན་འཁུར་བས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། བོད་ལྗོངས་དང་། སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་དེ་བཞིན་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་གཏམ་བཤད་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།