གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ནག་ཆུར་བསྟན་པ།
ལྟད་མོ་བས་གློག་བརྙན་ནས“རང་ཉིད་ཀྱི་གཟུགས་བརྙན”མཐོང་བ།
ཟླ་12ཚེས་6ཉིན། བོད་རང་གིས་མ་རྩ་བཏང་བ་དང་ཇུས་འགོད་བྱས་ཤིང་། བོད་བྱང་ཐང་གི་ས་བབ་མཐོ་ཚད་སྨི་5000ཡན་དུ་བསྐྱོད་དེ་པར་བླངས་པའི་གློག་བརྙན་ཐོག་མ《རྒྱང་རིང་གི་བུ་རོགས་གངས་རི》ནག་ཆུ་གྲོང་ཁྱེར་དུ་བསྟན་པ་རེད། གློག་བརྙན་དེའི་པར་ལེན་སར་ས་བབ་མཐོ་ཤོས་ལ་སྨི་5800ཟིན་ཞིང་། མཚོ་གཉིས་རྫོང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དངོས་རྒྱབ་ལྗོངས་སུ་བྱས་ཏེ། མཚོ་གཉིས་རྫོང་གི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན་ལས་བྱེད་པ་དང་མང་ཚོགས་ཀྱི་གཟུགས་བརྙན་གཙོར་བྱས་ནས་བརྗོད་ཡོད། གློག་བརྙན་དེ་ཟླ་12ཚེས་16ཉིན་དངོས་སུ་རྒྱལ་ཡོངས་སུ་བསྟན་རྒྱུ་རེད།
གློག་བརྙན་ནང་གི་མི་སེམས་འགུལ་བའི་གཏམ་རྒྱུད་ཀྱིས་གློག་བརྙན་ཁང་དུ་ཡོད་པའི་ལྟད་མོ་བར་སེམས་འགུལ་ཐེབས་ནས་མིག་ལ་རང་དབང་མེད་པར་མཆི་ཞག་འཁོར་བ་མ་ཟད། མི་མང་པོས་དེའི་ཁྲོད་ནས་རང་ཉིད་ཀྱི་གཟུཌ་བརྙན་མཐོང་ལ། སེམས་གཏིང་གི་སྐད་སྒྲ་ཡང་གསལ་པོར་ཐོས་ཡོད།
“ངས་བལྟས་ན་འདི་ནི་ཕྱོགས་ཡོངས་དང་དོན་དངོས་དང་འཚམ་ཤོས་ཀྱི་ནག་ཆུའི་འཕེལ་རྒྱས་བརྗོད་པའི་གློག་བརྙན་ཐོག་མ་དེ་རེད་ལ། ལྷག་དོན་དུ་ས་བབ་ཤིན་ཏུ་མཐོ་བའི་མཚོ་གཉིས་རྫོང་ཚབ་མཚོན་དུ་བྱས་པའི་གློག་བརྙན་ཞིག་ཀྱང་རེད”ཅེས་ས་སྐྱེས་རྡོ་སྐྱེས་ཀྱི་ནག་ཆུ་བ་དང་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བུ་གཡུང་དྲུང་གིས་ལྟད་མོ་བལྟས་པའི་མྱོང་ཚོར་ལྷུག་པོར་བརྗོད། ཁོང་གིས་བལྟས་ན། མཚོ་གཉིས་ནི་ནག་ཆུའི་བསྡུས་རིས་ཤིག་ཡིན་པ་དང་། ནག་ཆུ་ནི་བོད་ཀྱི་བསྡུས་རིས་རེད། འཚོ་བའི་གང་ས་ཅི་ཐད་པར་ལེན་བྱས་པའི་གློག་བརྙན་དེས་ནག་ཆུའི་མཛེས་ཤིང་ལྟ་ན་སྡུག་པའི་སྐྱེ་ཁམས་དང་། གངས་འཁྱགས་ཀྱིས་བསྡམས་པའི་ཁོར་ཡུག འབྲོག་པ་ཚོའི་བབ་ཆགས་པའི་འཚོ་བ་བཅས་དང་དེ་བཞིན་བོད་དུ་ཡོང་བའི་ལས་བྱེད་པ་དང་། བོད་སྐྱོར་ལས་བྱེད་པ། ས་གནས་དེ་གའི་ལས་བྱེད་པ་བཅས་ཀྱིས་ཕུལ་བའི་ལེགས་སྐྱེས་ཇི་མ་ཇི་བཞིན་ལྟད་མོ་བ་ཚོའི་མིག་ལམ་དུ་བཤམས་ཡོད། “དྲིལ་བསྒྲགས་བྱེད་སྟངས་འདི་རིགས་ཡག་པོ་འདུག དེས་མི་དེ་བས་མང་བས་ས་བབ་མཐོ་བའི་ས་ཁུལ་དུ་ཁུ་སིམ་མིར་ལེགས་སྐྱེས་འབུལ་མཁན་ཚོ་ཤེས་ཐུབ། གློག་བརྙན་འདིས་ནག་ཆུ་དྲིལ་བསྒྲགས་དང་ངོམ་སྟོན་བྱས་པ་ཙམ་མིན་པར། དེ་བས་ས་ཆ་ཞིག་ཏུ་རྩ་བ་ཚུགས་ནས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བརྒྱུད་སྤྲོད་བྱས་ཡོད”
མཚོ་གཉིས་རྫོང་ཨུད་ཏང་དང་མང་ཚོགས་ལས་དོན་པུའུ་གློག་རྡུལ་སྲིད་དོན་ལྟེ་གནས་ཀྱི་ཀྲུའུ་རེན་ཞུང་ཝུན་ཐའོ་ཡིས་གློག་བརྙན་ནས་སྔོན་མ་རང་ཉིད་སྡོད་སའི་ཁྱིམ་ཚང་དེ་མཐོང་ཡོད། ཁོང་ནི་ཧྲའན་ཤིས་ནས་ཡིན་པ་དང་མཚོ་གཉིས་རྫོང་དུ་ལས་ཀ་བྱས་ནས་ལོ་བརྒྱད་འགྲོ་ཡི་ཡོད། གློག་བརྙན་ནང་ལས་བྱེད་པ་ཚོས་འཁྱགས་པ་བཅག་ནས་ཆུ་ལེན་པ་དང་། ཐབ་ལ་བསྐོར་ནས་དྲོད་ལེན་པ། འཁྱགས་པའི་ཐོག་ཏུ་འགྲོ་བ་བཅས་ཀྱི་རྣམ་པ་ལས་ཁོང་གི་མིག་ཟུང་མཆི་མས་བརླན་ཡོད། “སྐབས་དེ་དུས། ཞོགས་པ་ལངས་སྐབས་ཆུ་སྣོད་ནང་བསགས་པའི་ཆུར་འཁྱགས་པ་ཐེབས་པ་དང་། གཤམ་སྐྱོད་སྐབས་རླངས་འཁོར་གངས་ནང་ལུས་པས། ང་ཚོ་རླངས་འཁོར་ནས་བབས་ཏེ་འབུད་རྒྱག་རྒྱགས་སྐབས། དབུགས་ཧལ་ཏེ་བློ་སྙིང་ཡང་དོན་གྲབས་བྱེད་ཀྱི་འདུག”ཅེས་ཁོང་གིས་མགོ་བོ་ཅུང་ཟད་བཏེགས་ནས་བཤད། ཁོང་གིས“ད་ཆ་ཆུ་གློག་ལམ་གསུམ་དང་། དྲོད་རླངས་དང་གསོ་རླུང་སོགས་ཚང་མ་ཁྲིད་ཡོད། མ་གཞི་འགྱུར་ལྡོག་དེ་དག་རིམ་བཞིན་འབྱུང་བ་ཞིག་ཡིན་མོད། འོན་ཀྱང་གློག་བརྙན་ནང་དེ་དག་བསྐྱར་སྟོན་བྱེད་སྐབས། གཞི་ནས་འགྱུར་ལྡོག་དེ་དག་ལས་སླ་མོ་ཞིག་མིན་པ་ཤེས་བྱུང་། གློག་བརྙན་འདིས་ངའི་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱས་བྱུང་ལ། ད་ཆའི་བདེ་སྐྱིད་འཚོ་བར་སྔར་བས་གཅེས་སྤྲས་བྱེད་དགོས་པའང་ཚོར་བྱུང་། དེ་ལས་ནམ་ཡང་འགྱུར་ལྡོག་བྱུང་མེད་པ་ནི་ས་འདིའི་སྟེང་དུ་འཚོ་བའི་མི་རྣམས་ཀྱིས་སྔར་རྒྱུན་བཞིན་ལེགས་སྐྱེས་འབུལ་བ་དང་དཀའ་སྤྱད་བཟོད་བསྲན་བྱེད་པ་དེ་རེད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།