དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཕ་ཡུལ་གངས་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  རྡོ་རྗེ་ཐར་ལམ།   |     སྤེལ་དུས།  2025-12-07

    གངས་རི་དཀར་པོའི་མུ་ཁྱུད་ཕྲེང་བའི་ཤེལ་གྱི་ལྕཊ་རི་རང་གྲུབ་ཅན། །

    རྩྭ་ཐང་སྔོན་པོ་གཡུ་བཞིན་མཛེས་པའི་མེ་ཏོག་སྣ་བརྒྱའི་གཟི་དཔལ་ལྡན། །

    དྭངས་གཙང་ཆུ་མོ་གཡུང་དྲུང་འཁྱིལ་བའི་རང་བྱུང་བཀོད་པ་མཛེས་པའི་ལྗོངས། །

    ཕ་ཡུལ་གངས་ལྗོངས་ངོ་མཚར་སྟོང་ལྡན་སུམ་རྩེན་གནས་དང་གཉིས་སུ་མེད། །

    རྟ་ནོར་ལུག་སོགས་རྐང་བཞི་ཕྱུགས་ཀྱིས་རྩྭ་ཐང་ཡངས་པོར་ཁྲ་རྒྱན་བཏབ། །

    སྦྲ་དང་གུར་སོགས་འབྲོག་ཐང་ཡངས་པོར་གནའ་སྲོལ་ལྡན་པའི་ཉམས་ཀྱིས་སྒེག །

    ཤ་མར་ཐུད་སོགས་ཟས་རིགས་སྣ་ཚོགས་འདོད་རྒུ་འཁྱིལ་བའི་ངོ་མཚར་གནས། །

    ཕ་ཡུལ་གངས་ལྗོངས་དགོས་འདོད་ཀུན་འབྱུང་ཕུན་སུམ་ཚོགས་པའི་གནས་སུ་ངེས། །

    འཛུམ་ལ་བྱུ་རུའི་དམར་ཁ་ཚ་བའི་འབྲོག་མོའི་ལང་ཚོ་མེ་ཏོག་བཀྲ །

    ཁ་ལས་རླུང་རྟའི་དགེ་མཚན་མཐོ་བའི་སྟག་ཤར་གཞོན་པའི་ལང་ཚོ་དར། །

    ན་ཆུང་བྱིས་པ་བློ་རིག་བཀྲ་ལ་ལོ་ལོན་རྒན་པ་ཚེ་ཐག་རིང་། །

    ཕ་ཡུལ་གངས་ལྗོངས་རྒྱུ་འབྱོར་དར་བའི་འོག་མ་ཀླུ་ལ་འགྲན་པའི་གནས། །

    འབྲུ་སྙེ་སེར་པོའི་གསེར་མདངས་མཛེས་པའི་ཞིང་བཟང་སྙེ་མ་དགུང་ལ་འཕྱུར། །

    གྲོ་ནས་སྲན་མའི་ཞིང་ཐང་གང་ནས་ལོ་ལེགས་གཏམ་བཟང་ལྷང་ལྷང་གྲགས། །

    ཤིང་ཏོག་ཁམ་བུའི་འབྲས་བུ་སྨིན་པའི་ལྗོན་ཚལ་བྱ་བྱིའུ་གསུང་སྐད་སྙན། །

    ཕ་ཡུལ་གངས་ལྗོངས་དགོས་འདོད་ལྷུན་གྲུབ་ཅི་བསམ་གྲུབ་པའི་གནས་དང་མཚུངས། །

    ཕྱི་སྣོད་འཇིག་རྟེན་བཟོ་བཀོད་ལེགས་པའི་ངོ་མཚར་ལྷ་ཡི་ཁམས་དང་མཚུངས། །

    ནང་བཅུད་སེམས་ཅན་འཆམ་མཐུན་ཆེ་བ་བརྩེ་སེམས་ཨ་ལོང་གཅིག་ཏུ་བསྒྲིལ། །

    གནའ་དེང་ཟུང་གི་ཤེས་རིག་དར་ནས་འཚོ་བའི་འཕེལ་རྒྱས་གཙང་པོའི་རླབས། །

    ཕ་ཡུལ་གངས་ལྗོངས་སྐྱིད་པའི་ཞིང་ཁམས་འཛམ་གླིང་སྐྱེ་བོའི་ཕྱོགས་ས་ཡིན། །

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།