དབུ་ཤོག>བོད་ཀྱི་རིག་གནས།>བོད་ལྗོངས་སྒྱུ་རྩལ།
  • སྲོལ་རྒྱུན་ལག་ཤེས་གསོན་ཤུགས་གསར་པ་རྒྱས། རྒྱུན་འཛིན་གསར་གཏོད་དམངས་ལ་ཕན་པ་བསྐྲུན།

    —— ཐང་སྐྱ་ཤང་འབྲི་གུང་བཀའ་ཤོག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-12-06

    ◆བོད་ཤོག་ལག་ཤེས་ནི་སྤྱི་ལོའི་དུས་རབས་བདུན་པ་སྲོང་བཙན་སྒམ་པོའི་དུས་སུ་དར་ཞིང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན། ཡང་སྒོས་འབྲི་གུང་བཀའ་ཤོག་ལག་ཤེས་ནི་དུས་རབས་བཅུ་གཅིག་པ་ནས་ཁྱིམ་རྒྱུད་ཀྱིས་རྒྱུན་འཛིན་བྱས་པ་ཞིག་རེད།

    ◆ཇོ་ཁང་བཅོ་ལྔ་ངག་དབང་ཆོས་དབྱིངས་ནི་ལྷ་སའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འབྲི་གུང་བཀའ་ཤོག་ལག་ཤེས་རྒྱུན་འཛིན་པ་མི་རབས་ལྔ་པ་རེད།

    ◆2013ལོར། ངག་དབང་ཆོས་དབྱིངས་ཀྱིས་རང་ཉིད་ཀྱི་ཕ་ཡུལ་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་དུ་མལ་གྲོ་གུང་དཀར་ནོར་རྒྱས་གླིང་མི་རིགས་ལག་ཤེས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།

     འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་བོད་ཤོག་བཟོ་བཞིན་པ།

     འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་རྒྱུ་ཆ་དཀྲུག་དཀྲུག་བཏང་ནས་སྐྱོ་མ་བཟོ་བཞིན་པ།

     འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་བཟོས་པའི་བོད་ཤོག་གི་རིག་གནས་བསམ་བཀོད་ཐོན་རྫས་ལ་འཛད་སྤྱོད་པས་དགའ་པོ་བྱེད་པ།

     འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་ཤིང་སྒྲོམ་ནང་སྐྱོ་མ་བླུག་བཞིན་པ།

     འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་བོད་ཤོག་ཉི་སྐམ་གཏོང་བཞིན་པ།

    འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་སྐྱོ་མ་འཚག་བཞིན་པ།

     འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་སྐྱོ་མ་ཡང་ཡང་དཀྲུགས་ནས་གར་སླ་རན་པོ་བཟོ་བཞིན་པ།

     འདི་ནི་ངག་དབང་ཆོས་དབྱིངས་ཀྱིས་བོད་ཤོག་གི་རིག་གནས་བསམ་བཀོད་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    གསར་འགོད་པ་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ནོར་རྒྱས་གླིང་མི་རིགས་ལག་ཤེས་ཐོན་རྫས་ལས་སྣོན་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས་མིག་ལམ་དུ་འདི་ལྟར་འཆར་བ་སྟེ། སྟར་དུ་འགྲིག་པའི་ཚོན་མདོག་འདྲ་མིན་གྱི་བོད་ཤོག་ལ་ལ་བཀྲག་མདངས་ཆེ་ཞིང་ལ་ལ་སྐྱ་ཞིང་སྣུམ། སྐྱེ་བོའི་མིག་གི་བརྟན་པ་ཅིག་ཅར་དུ་འཕྲོག ཚོན་ལྡན་བོད་ཤོག་འགའ་ཤས་ལ་ཡི་གེ་དང་རི་མོས་བརྒྱན་པ་དང་། ཁང་པའི་གཞོགས་གཅིག་ཏུ་ཚོས་གཞི་སྣ་ཚོགས་ཡོད་པའི་བོད་ཤོག་གི་ཟིན་དེབ་དང་། པིར་དོང་། ཤོག་སྣོད་སོགས་སྣ་ཁ་མང་ཞིང་རྣམ་པ་དཔེ་གསར་གྱི་ཐོན་རྫས་བསྒྲིགས་འདུག ལྷ་སའི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འབྲི་གུང་བཀའ་ཤོག་གི་ལག་ཤེས་རྒྱུན་འཛིན་པ་མི་རབས་ལྔ་པ་ཇོ་ཁང་བཅོ་ལྔ་ངག་དབང་ཆོས་དབྱིངས་ཀྱིས་དགེ་ཕྲུག་ཚོའི་སྣེ་ཁྲིད་དེ་ཞིབ་འཇུག་གསར་སྤེལ་བྱས་པའི་བོད་ཤོག་གི་རྒྱུ་ཆ་རྟུལ་བཞིན་འདུག ལེགས་བཅོས་བྱས་རྗེས་ཀྱི་བོད་ཤོག་འཇམ་ལ་མཉེན་པ་མ་ཟད་ད་དུང་སྲོལ་རྒྱུན་གྱི་ཁྱད་ཆོས་དང་དེང་རབས་ཀྱི་མཛེས་དཔྱོད་ཀྱང་ལྡན་ཡོད། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་འདི་ཉིད་ལ་སྲུང་སྐྱོང་དང་གསར་གཏོད་བྱེད་རིང་། ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་གྱི་ལམ་བུ་ཡངས་པོ་ཞིག་རྙེད་ཡོད།

    བོད་ཤོག་ལག་ཤེས་ནི་སྤྱི་ལོའི་དུས་རབས་བདུན་པ་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་དར་ཞིང་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་ཡང་སྒོས་འབྲི་གུང་བཀའ་ཤོག་ལག་ཤེས་དེའང་དུས་རབས་བཅུ་གཅིག་པ་ནས་བཟུང་ཁྱིམ་རྒྱུད་ཀྱིས་རྒྱུན་འཛིན་བྱས་ཡོད།

    རྒྱུན་འཛིན་པ་མི་རབས་དང་པོ་ཇོ་ཁང་བཅོ་ལྔ་རྣམ་རྒྱལ་ནས་རྒྱུན་འཛིན་པ་མི་རབས་ལྔ་པ་ངག་དབང་ཆོས་དབྱིངས་བར་གྱི་ལག་ཤེས་པ་ལྔ་ཡིས་སྨྱུག་ཤོག་ལ་བརྟེན་ནས། བོད་ཤོག་ལག་ཤེས་དེ་ཁྱིམ་རྒྱུད་ཀྱི་འབབ་ཁུངས་དང་རིག་གནས་རྒྱུན་འཛིན་གྱི་སྦྲེལ་ཐག་ཏུ་གྱུར་བར་བྱས་ཡོད།

    ངག་དབང་ཆོས་དབྱིངས་ལོ་བཅུ་ལྷག་ཙམ་ལ་སླེབས་དུས་པཱ་ལགས་འགྲམ་ནས་བོད་ཤོག་ལག་ཤེས་སྦྱངས་ཤིང་། ལག་ཤེས་དེ་ཁྱིམ་ཚང་གི་འབབ་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ཆ་ལག་ཤེས་དེ་ཁྱིམ་རྒྱུད་ཀྱི་བསམ་པའི་མཚོན་རྟགས་ཏེ། མི་རབས་རྗེས་མས་རྒྱུན་འཛིན་བྱེད་རིང་རིག་གནས་ཀྱི་དོན་སྙིང་རྟོགས་པར་བྱེད་པའི་མེ་ལོང་ལྟ་བུར་གྱུར་ཡོད། “ང་ཚོའི་ཁྱིམ་ཚང་གི་མི་རབས་ཚང་མ་བོད་ཤོག་བཟོ་མཁན་ཡིན་པ་དང་ང་བར་མི་རབས་ལྔ་ཕྱིན་ཡོད། དང་ཐོག་མེས་པོའི་ལག་ཤེས་རྒྱུན་འཛིན་བྱེད་པ་ནས་ད་ཆ་འཚོ་བའི་དོན་དུ་རྒྱུན་འཛིན་གསར་གཏོད་བྱེད་པའི་བར། ངས་བོད་ཤོག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད”

    2001ལོར་ངག་དབང་ཆོས་དབྱིངས་ལྷ་ས་གྲོང་ཁྱེར་འཇའ་ཚོན་ཕན་བདེ་དམིགས་བསལ་སློབ་གྲྭའི་བོད་ཤོག་བཟོ་གྲྭར་ལས་ཀར་ཞུགས་ཤིང་། སྟེས་དབང་ཞིག་གིས་ཁོང་དང་ཨ་རི་ནས་ཡོང་བའི་བོད་ཤོག་ལ་ཆེད་མངགས་ཞིབ་འཇུག་བྱེད་མཁན་ཚོགས་པ་ཞིག་ངོ་ཤེས། ཚོགས་པ་དེའི་འོས་སྦྱོར་དང་རོགས་སྐྱོར་འོག་ངག་དབང་ཆོས་དབྱིངས་ལ་ནེ་པ་ལར་བསྐྱོད་ནས་བོད་ཤོག་ལ་ཚོས་རྒྱག་པའི་ལག་རྩལ་སྦྱོང་བའི་གོ་སྐལ་ཐོབ། སློབ་སྦྱོང་ཚར་ནས་ཕྱིར་ལོག་རྗེས། ངག་དབང་ཆོས་དབྱིངས་ཀྱིས་ལག་རྩལ་དེ་ལྷ་ས་གྲོང་ཁྱེར་འཇའ་ཚོན་ཕན་བདེ་དམིགས་བསལ་སློབ་གྲྭའི་བོད་ཤོག་བཟོ་གྲྭར་ཁྱབ་གདལ་བཏང་། 2013ལོར་ངག་དབང་ཆོས་དབྱིངས་ཀྱིས་ཕ་ཡུལ་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་དུ་མལ་གྲོ་གུང་དཀར་ནོར་རྒྱས་གླིང་མི་རིགས་ལག་ཤེས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས།

    མཉམ་ལས་ཁང་བཙུགས་པ་ནས་ད་བར་སྔ་རྗེས་སུ་ས་གནས་དེ་གའི་མང་ཚོགས་10ལྷག་ཙམ་བསྡུས་ནས་བོད་ཤོག་བཟོ་སྟངས་བསླབས་ཤིང་། རྒྱུ་ཆ་བཙོ་བ་དང་། དཀྲོག་པ། སྐམ་ནས་བཟོ་ལྟ་བཟོ་བའི་བར་ངག་དབང་ཆོས་དབྱིངས་ཀྱིས་བུམ་པ་གང་བྱོལ་ཚུལ་གྱིས་སློབ་བུ་བསྐྱངས་ཤིང་། དེ་སྔ་ལས་ཀ་ཙག་ཙིག་ལ་བརྟེན་ནས་ཡོང་འབབ་གསོག་མཁན་གྱི་ཡུལ་མི་མང་པོ་ཞིག་གིས“ལག་ཤེས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ”བྱུང་ཡོད། དེའང་ཁྲ་སྒོར་ནི་དེའི་ནང་གི་ཕན་པ་ཐོབ་མཁན་གྱི་གྲས་ཡིན་ཞིང་། ཁོ་པས“དེ་སྔོན་ཉིན་གླ་རྒྱུག་སྐབས་ཡོང་འབབ་བརྟན་པོ་མེད། ད་ཆ་རྒན་ངག་དབང་ཆོས་དབྱིངས་ཀྱི་འགྲམ་ནས་བོད་ཤོག་བཟོ་སྟངས་སྦྱངས་པས་ཟླ་རེར་ཡོང་འབབ་སྒོར་2000ལྷག་ཙམ་འདུག ཁྱིམ་གྱི་སྒོ་རྩ་ནས་ལས་ཀ་རག་བྱུང”ཞེས་བཤད།

    ད་ཆ་རྒྱུན་འཛིན་དང་མཐུན་རྐྱེན་ལ་རེ་བའི་མྱུ་གུ་གསར་དུ་འབུས་ཤིང་། ངག་དབང་ཆོས་དབྱིངས་ཀྱིས་མི་ཚེ་གང་པོར་སྦྱངས་པའི་ལག་ཤེས་དེ་སློབ་ཆེན་ཐོན་མ་ཐག་པའི་ཚ་བོར་བསླབས་ཏེ། བསམ་བློ་གསར་པ་དང་ལྟ་བ་གསར་པ་ལྡན་པའི་ན་གཞོན་མི་རབས་ཚོ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་དཔུང་ཁག་ལ་བསྡུ་རྒྱུའི་སེམས་ཐག་བཅད། “མཉམ་ལས་ཁང་གིས་བོད་ཤོག་བཟོ་སྐབས་གནོད་མེད་རྒྱུ་ཆ་སྤྱོད་ཀྱི་ཡོད་པ་མ་ཟད། ད་དུང་ན་གཞོན་རྒྱུན་འཛིན་པ་གསོ་སྐྱོང་གི་ལས་ལ་གཞོལ་གྱི་ཡོད། མིག་སྔར་ས་གནས་དེ་གའི་གཞོན་ནུ་གཉིས་རང་རྐྱ་འཕེར་ནས་བོད་ཤོག་བཟོ་ཐུབ་ཀྱི་ཡོད”ཅེས་ངག་དབང་ཆོས་དབྱིངས་ཀྱིས་བཤད།

    མཉམ་ལས་ཁང་གིས་ལོ་ལྔའི་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་བསྟུན་ནས། གནའ་བོའི་ལག་ཤེས་དེ་གསར་གཏོད་ཁྲོད་རིག་རྒྱུན་རྒྱུན་འཛིན་དང་རྒྱུན་འཛིན་ཁྲོད་དུས་རབས་དང་མཐུན་པར་བྱས་ཏེ། བོད་ཤོག་ལས་མལ་གྲོ་བའི་ཐུན་མོང་གི་དྲན་ཤེས་མཚོན་ཡོད་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་ལག་ཤེས་ཀྱིས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་ལེའུ་གསར་པ་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།