དྲ་རྒྱའི་དུས་རབས་ཀྱི་རྒྱ་བོད་ཡིག་སྒྱུར་ལས་དོན་སྐོར་ཅུང་ཙམ་གླེང་བ།
མི་རིགས་གཞན་པའི་སྔོན་ཐོན་རིག་གནས་དང་། ཤེས་བྱའི་ཉིང་བཅུད་དག་ཚུར་བསྡུ་བྱེད་དགོས་ན་ལོ་ཙཱའི་བྱེད་ལས་ནི་མེད་དུ་མི་རུང་བ་ཞིག་ཡིན། འཇིག་རྟེན་གྱི་མིག་ཅེས་བརྗོད་པའི་ལོ་ཙཱ་བ་རྣམས་ཀྱིས་རང་ཅག་གི་རིག་གཞུང་བང་མཛོད་སྔར་བས་ཕུན་སུམ་རྗེ་ཚོགས་སུ་གཏོང་ཕྱིར། སྔར་ཡོད་ཤུལ་འཛིན་དང་འཕེལ་རྒྱས་བཏང་བའི་རྨང་གཞིའི་སྟེང་མི་རིགས་གཞན་དང་། ས་ཁུལ་གཞན་གྱི་སྔོན་ཐོན་རིག་གཞུང་རྣམས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ནང་དུ་གདན་དྲངས་བས་ད་གཟོད་རང་རིགས་ཀྱི་རིག་གནས་ཆེ་ཆུང་བཅུ་དང་བཅས་པ་ཆ་ཚང་ཞིང་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ་བོད་མི་རིགས་ཀྱི་ཕྱི་རབས་ཙམ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་བཏོན་ཡོད། འདིར་ཁོ་བོས་དྲ་རྒྱའི་དུས་རབས་ཀྱི་ཁྱད་ཆོས་གཞིར་བཟུང་རྒྱ་བོད་ཡིག་སྒྱུར་གྱི་ལས་དོན་སྐོར་ལ་རང་བློས་གང་དཔོག་གིས་ཅུང་ཙམ་གླེང་བ་ཡིན།
དང་པོ། དྲ་རྒྱའི་དུས་རབས་འོག་བོད་སྐད་ཡིག་གཅིག་གྱུར་ཡོང་ཐབས་སྐོར།
སྤྱིར་སྐད་ཡིག་ནི་མི་རིགས་ཤིག་གི་གྲུབ་ཆ་གཙོ་བོ་ཡིན། བོད་མི་རིགས་ལ་ལོ་ངོ་སྟོང་གི་སྔ་རོལ་ནས་ཐུན་མོང་གི་སྐད་ཡིག་དང་། བརྡ་སྤྲོད་གཞུང་ལུགས་ཅུང་འཐུས་ཚང་ཞིག་ཡོད་པ་འདི་ནི་གཟི་བརྗིད་དུ་བརློམས་འོས་པར་སེམས། ཡིག་སྒྱུར་ནི་ཡིག་རིགས་གཞན་ཞིག་ལ་བརྟེན་ནས་བསྒྱུར་བྱའི་མ་ཡིག་གི་ནང་དོན་དང་། སྒྱུ་རྩལ། ཁྱད་ཆོས་བཅས་ཇི་མ་ཇི་བཞིན་འགྱུར་ཡིག་ཏུ་མཚོན་པར་བྱས་ཏེ་ཀློག་པ་པོའམ་ཉན་པ་པོས་བསྒྱུར་རྩོམ་ཀློག་པའམ་ཉན་པའི་ཚེ་ན། རྩོམ་གཞི་དངོས་ཀློག་པ་དང་ཉན་པ་ལྟ་བུའི་མྱོང་བ་སྐྱེས་ནུས་པའི་ལས་ཞིག་ཡིན། བོད་ཀྱི་ཞིང་འབྲོག་ཁུལ་དུ་ཡོངས་ཁྱབ་ངང་སྤྱོད་བཞིན་པ་ནི་བོད་ཡིག་དང་བོད་སྐད་ཡིན་ལ། བརྡ་སྤྲོད་ཀྱི་གཞིར་གྱུར་བའི་ཐ་སྙད་མང་ཆེ་བ་བོད་ལྗོངས་དང་བོད་འབྲེལ་ས་ཁུལ་གཞན་དག་ཏུ་གཅིག་མཐུན་ཡིན་ནའང་། ཁ་སྐད་ཀྱི་ཆ་ནས་ཡུལ་གྲུ་ཕན་ཚུན་གོ་བརྡ་མི་འཕྲོད་པའི་གནས་ཚུལ་ལྷག་ཡོད། ལྷག་ཏུ་ཆ་འཕྲིན་ཅན་གྱི་དུས་རབས་འདིར་དྲ་ཐོག་དང་འཚོ་བའི་ཁྲོད་མིང་ཚིག་གསར་པ་ནི་ཆར་རྗེས་ཀྱི་ཤ་མོ་བཞིན་ཐོན་དང་ཐོན་མུས་ཡིན་རྐྱེན། གསར་ཐོན་མིང་ཚིག་དང་ཐ་སྙད་རྣམས་གསར་བཟོ་དང་ཡིག་སྒྱུར་བྱེད་ཐབས་གཅིག་མཐུན་མ་བྱུང་བ་དང་། བཀས་བཅད་ཀྱི་མིང་ཚིག་དག་གཅིག་གྱུར་ཐོག་བཀོལ་སྤྱོད་མི་བྱེད་པར་ལོ་ཙཱ་བ་རེ་འགས་གང་འདོད་ཀྱིས་གསར་དུ་བཟོས་པས། འདི་ཉིད་གཅིག་གྱུར་ཡོང་བར་སྔོན་ལ་ཁ་ཐོར་དུ་གྱུར་པ་དང་གསར་དུ་ཐོན་པའི“ཐ་སྙད”རྣམས་གཅིག་གྱུར་བཟོ་དགོས་པ་དང་། གཅིག་གྱུར་བཟོས་པ་རྣམས་ཚང་མས་བཀོལ་སྤྱོད་ཡག་པོ་བྱས་ཁར“སྤྱིའི་སྒྲ་གདངས”གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་དགོས། ཆ་འཕྲིན་དང་ཚན་རྩལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་འདིར་ཐ་སྙད་གསར་པ་ཇི་སྙེད་ཅིག་གཅིག་མཇུག་གཉིས་མཐུད་དུ་ཐོན་བཞིན་ཡོད་ཅིང་། གསར་དུ་ཐོན་བཞིན་པའི“ཐ་སྙད”གཅིག་གྱུར་ཡོང་བར་གཙོ་ཆེར་ཡིག་སྒྱུར་ལ་བརྟེན་དགོས་པ་དང་། “སྤྱིའི་སྒྲ་གདངས་”གཅིག་གྱུར་ཡོང་བར་གཅོ་བོ་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ལ་བརྟེན་དགོས་སྙམ།
གཉིས་པ། ལོ་ཙཱ་བའི་འགན་སེམས་ཀྱི་གལ་ཆེའི་རང་བཞིན།
དེང་གི་དུས་སུ་འཚོ་བའི་ཁྲོད་ཀྱི་སྒོ་བྱང་དང་། ལམ་བྱང་སོགས་ཀྱི་ཡིག་སྒྱུར་ཁྲོད་ཐ་སྙད་མང་དག་ཅིག་གཅིག་མཐུན་མ་བྱུང་བའི་རྐྱེན་གྱིས་རྒྱ་ཡིག་ལ་བྱང་ཆ་ཆེར་མེད་པའི་མང་ཚོགས་ཚོས་གོ་བ་ལེན་དཀའ་བར་གྱུར་ཡོད། དེ་ནི་ཡིག་སྒྱུར་ལ་མཐོང་ཆེན་གནང་མཁན་གྱི་ཤེས་ཡོན་ཅན་དང་མང་ཚོགས་མང་པོས་གཅིག་གྱུར་དུ་དོ་ཁུར་བྱེད་དགོས་པའི་གནད་དོན་ཞིག་རེད། དེ་ཡང་ཡིག་སྒྱུར་བ་དང་བརྡ་ཁྱབ་མང་པོར་ཐ་སྙད་བཀོལ་སྤྱོད་ཐད་ཡིག་སྒྱུར་གྱི་རྩ་དོན་ལ་མ་བསྟུན་པར་ཐད་ཀར་ཡིག་སྒྱུར་མཉེན་ཆས་སོགས་ནས་རང་འདོད་ལྟར་བསྒྱུར་ལ། འགྱུར་ཡིག་གི་ནང་དོན་དང་ཡི་གེར་ཞུ་དག་ཡག་པོ་མ་བྱས་པར་སྤྱི་ཚོགས་ཐོག་བེད་སྤྱོད་བྱེད་པ་སོགས་ཀྱི་སྣང་ཚུལ་མང་པོ་ཐོན་བཞིན་ཡོད། འདི་ལྟར་ཡི་གེ་འབྲི་ཀློག་ཤེས་པ་ཙམ་གྱིས་ཡིག་སྒྱུར་གྱི་ལས་ལ་འཇུག་པ་ནི་སྤྱིར་ན་ཡིག་སྒྱུར་ལས་ལ་འགན་མི་འཁུར་བའི་སེམས་པ་ཞིག་ཡིན་ལ། འགྱུར་ཡིག་དག་མོ་མ་བྱུང་སྟབས། ཀློག་པ་པོས་གོ་དོན་ལོག་པར་རྟོགས་པའི་ཉེན་ཁའང་ཡོད་པས། མི་རིགས་དབར་ཕན་ཚུན་འབྲེལ་འདྲིས་དང་རྒྱུས་ལོན་ལ་འགོག་རྐྱེན་བཟོ་སྲིད། དེ་བས་དེར་བཅོས་སྒྲིག་གི་ཐབས་ལམ་དང་སྒྲིག་སྲོལ་ཡང་དག་ཅིག་འདོན་རྒྱུ་ནི་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་ཏུ་མཐོང་།
གསུམ་པ། ཐ་སྙད་གཅིག་གྱུར་གྱི་གལ་ཆེའི་རང་བཞིན།
“མིང་ཚིག་བརྗོད་པ་ཀུན་གྱི་གཞི”ཞེས་གསུངས་པ་ལྟར་ཐ་སྙད་ནི་དོན་ཐམས་ཅད་གསལ་བར་སྟོན་པའི་གཞི་ལྟ་བུ་ཡིན་པས། ཐ་སྙད་དེ་བསྒྱུར་བྱའི་དོན་ལ་འཇུག་མིན་དང་། མིང་བརྡ་དེ་དོན་ལ་གནས་མིན་ནི་ཡིག་སྒྱུར་ཡག་པོ་ཞིག་ཡོང་མིན་གྱི་འགག་རྩ་ལྟ་བུར་མཐོང་། འགག་གནད་འདི་ལས་གྲོལ་ཆེད་ངེས་པར་དུ་ཡིག་སྒྱུར་སྐབས་སུ་མིང་ཚིག་དང་ཐ་སྙད་གཅིག་གྱུར་ཡོང་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡག་པོ་བྱེད་དགོས། ང་ཚོས་ད་ཕན་གྱི་སྒྱུར་ཡིག་འགའ་ཤས་ལ་ལྟ་སྐབས་བོད་སྐད་དུ་སྔར་ནས་རྒྱུན་འབྱམས་སུ་ཡོད་པའི་ཐ་སྙད་ཕུན་སུམ་ཚོགས་པོ་དག་བེད་སྤྱོད་མི་བྱེད་པར་མ་ཡིག་གི་སྐད་ཀྱི་འགྲོས་ལ་བསྟུན་དྲགས་ནས་ཐ་སྙད་གསར་པ་གོ་དཀའ་བ་མང་པོ་ཞིག་བཟོ་བ་མཐོང་ཐུབ། དེ་ནི་ལུགས་མཐུན་གྱི་གསར་བཟོ་ཞིག་མིན་པར་ཡིག་སྒྱུར་གྱི་སྐྱོན་ཆ་ཆེ་ཤོས་ཤིག་ཏུ་མཐོང་། དེས་ན་ང་ཚོས་ཡིག་སྒྱུར་སྐབས་སུ་ཐ་སྙད་གཅིག་གྱུར་བཟོས་པ་རྣམས་བཀོལ་སྤྱོད་ལེགས་པོ་བྱས་ནས་སྣང་ཚུལ་དེ་རིགས་མི་ཐོན་པར་བྱ་རྒྱུ་ནི་གལ་ཤིན་ཏུ་ཆེ་བ་སེམས་སོ།
བྱེ་བྲག་ཏུ་བརྗོད་ན། གཅིག་ནས་སློབ་གྲྭ་ཁག་གི་བོད་སྐད་ཡིག་སློབ་གཞིའི་ནང་གི་ཐ་སྙད་གཅིག་གྱུར་བཟོས་ཏེ་སློབ་གཞི་དེ་ངེས་པར་སྦྱོང་དགོས་པའི་སློབ་ཚན་ཞིག་ཏུ་བརྩི་བ་དང་། མི་རབས་རྗེས་མ་དང་རྗེས་རབས་ཤེས་ལྡན་པ་ཚོས་བེད་སྤྱོད་བྱེད་པའི་ཐ་སྙད་གཅིག་གྱུར་ཡོང་བར་བྱེད་དགོས། གཉིས་ནས《རྒྱ་བོད་ཤན་སྦྱར་ཚིག་མཛོད》དང་ཡིག་སྒྱུར་མཉེན་ཆས་ཁག་ནང་དུས་ཐོག་ཏུ་གསར་ཐོན་ཐ་སྙད་གཏན་འཁེལ་གྱིས་གསབ་འཇུག་དང་བསྐྱར་སྒྲིག་བྱེད་དགོས། གསུམ་ནས་དེང་རབས་ཆ་འཕྲིན་གྱི་སྟབས་བདེ་བེད་སྤྱད་ནས་ས་ཁུལ་ཁག་གི་རྩོམ་སྒྱུར་ཅུད་སོགས་འབྲེལ་ཡོད་སྡེ་ཚན་ནས་བཟོས་གནང་བའི་དྲ་ཚིག་དང་སྐད་འཕྲིན་སྤྱི་སྟེགས་སོགས་ནས་འབྲེལ་ཡོད་མི་སྣ་དང་ཉམས་མྱོང་སྤེལ་རེས་ཀྱིས་ཐ་སྙད་གཅིག་གྱུར་ཡོང་ཐབས་བྱེད་དགོས་པ་བཅས་ཡིན།
བཞི་པ། རྒྱ་བོད་ཡིག་སྒྱུར་སྐབས་སུ་དོ་སྣང་བྱེད་དགོས་པ་འགའ།
༡ ཀློག་པ་པོ་ཀུན་གྱིས་གོ་ཐུབ་པའི་སྤྱི་སྐད་ཅིག་ཆགས་པར་འབད་དགོས།
དེང་གི་ཆར་མི་རིགས་མི་འདྲ་བ་དང་རིག་གནས་མི་འདྲ་བ། རྒྱལ་ཁབ་མི་འདྲ་བ་ཕན་ཚུན་དབར་མཉམ་འདྲེས་ཟབ་ཏུ་འགྲོ་བཞིན་ཡོད། དེས་མི་རིགས་སམ་རྒྱལ་ཁབ་མི་འདྲ་བའི་དབར་སྔར་བས་རིག་གནས་སྤེལ་རེས་བྱེད་པར་སྐུལ་འདེད་ཐེབས་ཀྱི་ཡོད། དེས་ན་མི་དམངས་མང་ཚོགས་ནི་བོད་ཀྱི་རིག་གནས་ཀྱི་གཙོ་གཞི་ཡིན་པས་གཙོ་བོ་སྐད་ཡིག་འཕེལ་འགྱུར་གྱི་ཆོས་ཉིད་ལ་གཞིགས་ནས་ཁྱབ་ཆེ་བའི་ཁ་སྐད་ལ་བསྟུན་ཐབས་བྱེད་དགོས་པ་དང་། ཁྱབ་ཆེ་བའི་ཁ་སྐད་དེ་འདིར་བརྗོད་པའི“སྤྱིའི་སྒྲ་གདངས”སུ་བྱས་ཏེ། ཚགས་པར་དང་དུས་དེབ། རླུང་འཕྲིན་དང་བརྙན་འཕྲིན། སྐད་འཕྲིན་སྤྱི་སྟེགས། རྩོམ་སྒྱུར་སྡེ་ཚན། དཔེ་སྐྲུན་ཁང་སོགས་ལ་བརྟེན་ནས་ཁྱབ་གདལ་གཏོང་དགོས་པ་ཡིན།
ཀུན་གྱིས་མཁྱེན་གསལ་ལྟར། བོད་སྐད་ལ་ཡུལ་ལུང་མི་འདྲ་བའི་སྐད་མང་དག་ཅིག་ཡོད་ཅིང་། ཡུལ་སྐད་སོ་སོའི་ཁྱད་ཆོས་དང་ལེགས་ཆ་རྣམས་བསྡུ་རུབ་ཀྱིས་བོད་སྐད་ཡིག་གི་སྤྱི་འགྲོས་དང་མཐུན་པའི་གཅིག་གྱུར་གྱི་སྐད་ཅིག་ཡོང་ཐབས་ལ་མནོ་བསམ་གཏོང་མཁན་ཤིན་ཏུ་དཀོན། ལྷག་པར་དུ་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུ་མི་རིགས་གཞན་པའི་སྐད་ཀྱི་ལྷད་ཞུགས་ཆེ་བས་བོད་སྐད་ཡིག་གི་ཡི་གེའི་དག་ཆ་ཉམས་པ་དང་། གཡར་བའི་ཐ་སྙད་མང་དྲགས་པ། གསར་ཐོན་ཐ་སྙད་གཅིག་གྱུར་མ་བྱུང་བ་སོགས་གནད་དོན་མང་དག་ལྷག་མུས་ཡིན། འོ་ན་གནད་དོན་འདི་རིགས་ཐག་གཅོད་ཇི་ལྟར་བྱེད་དགོས་སམ་ཞེ་ན། ཉེ་བར་མཁོ་བའི་ཐབས་ལམ་ཞིག་ནི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དེ་ཡིན་སྙམ།
༢ རིག་གནས་ཀྱི་མི་རིགས་རང་བཞིན་དང་ས་ཁོངས་རང་བཞིན་ལ་བརྩི་འཇོག་བྱེད་དགོས།
རྩོམ་རིག་ཡིག་སྒྱུར་ནི་མི་རིགས་གཉིས་ཀྱི་རིག་གནས་དབར་ཕན་ཚུན་རྒྱུས་ལོན་དང་ཤེས་རྟོགས་བྱེད་པའི་ཟམ་པ་ལྟ་བུར་གྱུར་ཡོད། ཀློག་པ་པོས་བསྒྱུར་རྩོམ་ཞིག་ལ་ལྟ་དུས། ཡི་གེ་རེ་རེ་དང་ཚིག་འབྲུ་རེ་རེའི་ཐོག་ནས་མ་ཡིག་གི་སྤྱིའི་ནང་དོན་ཤེས་རྟོགས་ཐུབ་པ་ཡིན།
དེ་ཡང་། རྒྱ་བོད་ཡིག་སྒྱུར་བྱེད་སྐབས་རྩོམ་ཡིག་གི་རིག་གནས་རྒྱབ་ལྗོངས་ནས་འགོ་འཛུགས་དགོས་ཤིང་། མ་ཡིག་གི་རིག་གནས་རྒྱབ་ལྗོངས་ལ་རྒྱུས་ལོན་གང་ལེགས་བྱས་རྗེས་གཞི་ནས་ཡིག་སྒྱུར་ལ་འཇུག་དགོས་པ་ཡིན། དེ་ལྟར་བྱས་ན་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ནོར་འཁྲུལ་མེད་པའི་སྒོ་ནས་རིག་གནས་དབར་བརྗེ་བསྒྱུར་ལེགས་པོ་ཐུབ་ཀྱི་ཡོད་པ་དང་། རྒྱ་ཆེའི་ཀློག་པ་པོ་ཚོས་མི་རིགས་སོ་སོའི་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་། བསམ་པའི་འདུ་ཤེས་དང་གོམས་གཤིས་ཀྱི་ཁྱད་པར་རྟོགས་ཐུབ།
༣ བོད་ཀྱི་ཐ་སྙད་བང་མཛོད་ནང་གི་སྔར་ཡོད་ཐ་སྙད་བེད་སྤྱོད་གང་ལེགས་བྱེད་དགོས།
དེང་སྐབས་མི་མང་པོ་ཞིག་གིས་རྙིང་པ་ཐམས་ཅད་སྡུག་པ་དང་རྗེས་ལུས་སུ་བསམ་པ་དང་། གསར་པ་ཐམས་ཅད་སྔོན་ཐོན་དང་ཡག་པོར་རློམ་པ་ཡིན། དེ་ཡང་མཁས་དབང་དམུ་དགེ་བསམ་གཏན་གྱིས“ལོ་ངོ་སྟོང་ཕྲག་གི་རིང་བསགས་པའི་རྩ་བའི་ཐ་སྙད་མེད་པར་བཟོས་ནས་དུས་སྐབས་ཐུང་ངུ་ཞིག་ལ་རྩ་བའི་ཐ་སྙད་བཟོ་ཐབས་མེད་པ་སྨོས་ཅི་དགོས”ཞེས་གསུངས་པ་ལྟར། རང་རིགས་ཀྱི་ཐ་སྙད་བང་མཛོད་དུ་ཡོད་པའི་འཇུག་པ་བདེ་བའི་རྩ་བའི་ཐ་སྙད་རྣམས་དོར་ཏེ། སླར་ཡང་དུས་ཐུང་ནང་རྩ་བའི་ཐ་སྙད་བཟོ་ཐབས་བྱེད་པ་ནི“གློ་བའི་སྨན་ལ་མ་ཕྱིན་མཆིན་པའི་དུག་ལ་ཕྱིན་སོང”ཞེས་པའི་དཔེ་ལྟར་གནོད་པའི་གཞི་ལས་མ་འདས་པས། རྒྱ་བོད་ཡིག་སྒྱུར་སྐབས་སུ་སྔར་ཡོད་ཀྱི་ཐ་སྙད་རྣམ་འོས་འཚམ་སྒོས་སྤྱོད་པ་དང་། མེད་པ་རྣམས་བོད་སྐད་ཡིག་གི་འགྲོས་དང་མཐུན་པར་གསར་དུ་བཟོ་བ་ནི་གལ་འགངས་ཤིན་ཏུ་ཆེའོ།
(ལྷོ་ཁ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་བསོད་ནམས་ཚེ་རིང)
འབྲེལ་ཡོད་གསར་འགྱུར།