དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཁྱི་ལྤགས་གྱོན་པའི་རྒྱལ་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-30

    གནའ་སྔ་མོ་ཡུལ་ཞིག་ལ་རྒྱལ་པོ་ཞིག་ཡོད་པ་དེར་བཙུན་མོ་མ་རྙེད་པར་ལུས་ཡོད། མ་གཞི་ཡུལ་དེའི་ཁྱིམ་ཚང་ཞིག་ལ་བུ་མོ་ཧ་ཅང་སྙིང་རྗེ་མོ་ཞིག་ཡོད་ཀྱང་སྐྱེ་ས་མི་གཙང་བས་ལེན་མི་འདོད། དེ་ལྟར་ཡུལ་གཞན་དུ་བཙུན་མོ་འཚོལ་བར་འགྲོ་དགོས་བྱུང་ཞིང་། ཁྱིམ་ཚང་གཅིག་ལ་བུ་མོ་རྒན་གཞོན་གསུམ་ཡོད་པ་ཤེས་རྗེས། རྒྱལ་པོས་ཁྱི་ལྤགས་ཤིག་གྱོན་ནས་རྒྱལ་པོ་མིན་ཁུལ་བྱས་པ་དང་། འབྲུ་ཁལ་གཅིག་ཁྱེར་ཏེ་ཁྱིམ་ཚང་དེའི་སྒོ་རྩར་ཕྱིན་ནས། ང་ལུང་པ་གཞན་དུ་ཟ་འབྲུ་སློང་བར་འགྲོ་མཁན་ཡིན་པས། འབྲུ་ཁལ་གཅིག་པོ་དེ་ཉར་རོགས་གནང་ཞེས་བཤད་པར། ཁྱིམ་ཚང་དེའི་ཁྱིམ་འཛིན་མས་དེ་མུར་ཁས་བླངས།

    ལོ་གཅིག་ཙམ་སོང་ཡང་འབྲུ་རིགས་ལེན་པར་ཡོང་མཁན་མེད་སྟབས། ཁྱིམ་འཛིན་མས་རྒྱལ་པོས་བཅོལ་བའི་བཟའ་འབྲུ་དག་རང་གི་འབྲུ་སྣོད་དུ་བླུགས་ནས་མཉམ་དུ་བསྲེས། ཉིན་ཤས་འདས་རྗེས་ཁྱི་ལྤགས་གྱོན་པའི་རྒྱལ་པོ་འབྲུ་ལེན་དུ་ཡོང་བས། ཁྱིམ་འཛིན་མས། ངས་ཁྱེད་ཀྱི་འབྲུ་དང་ངའི་འབྲུ་མཉམ་དུ་བསྲེས་པས། ངས་ཁྱེད་ལ་སྐྱིན་པ་མང་ཙམ་སྤྲད་ཆོག་ཅེས་ཟེར་བར། རྒྱལ་པོས། ངའི་འབྲུ་རྡོག་རེ་རེ་བཞིན་དབྱེ་བ་འབྱེད་དགོས། དེ་ལྟར་མ་བྱུང་ཚེ་སྐྱིན་ཚབ་ཏུ་འབྲུ་ཁལ་བརྒྱ་སྤྲད་ཀྱང་མི་དགོས། གལ་ཏེ་ངའི་འབྲུ་ཁོ་ན་སྐྱིན་པར་སྤྲོད་མ་ཐུབ་ཚེ། ཁྱེད་ཀྱི་བུ་མོ་སྐྱིན་པར་སྤྲད་ཀྱང་ཆོག་ཅེས་ཟེར། ཁྱིམ་འཛིན་མ་ཐབས་ཤེས་མ་བྱུང་སྟབས་འུ་ཐུག་སྟེ། ཁྱོད་ཀྱིས་ངའི་བུ་མོ་གསུམ་པོ་ནས་གཅིག་འདོམས་ཤིག་ཅེས་སྨྲས་པར། རྒྱལ་པོས་དེ་མུར་བུ་མོ་རྒན་པ་དེ་བདམས་ནས་ཁྲིད་ཕྱིན།

    ལམ་བར་དུ་རྒྱུག་ཆུ་ཞིག་བརྒྱུད་དགོས་སྟབས། རྒྱལ་པོས་ལྷམ་ཕུད་དེ་བུ་མོ་རྒན་པར། ངས་ཁྱོད་སྒལ་པར་ཁུར་ཆོག་ཅེས་སྨྲས་པར། བུ་མོ་རྒན་པས་ཀྱང་འཛེམ་ཟོལ་མེད་པར་དེ་ལྟར་བྱས། རྒྱལ་པོའི་ཁྱིམ་དུ་འབྱོར་ཏེ་ཤ་སྤགས་ལ་རོལ་སྐབས། བུ་མོ་དེས་ཤ་ཚང་མ་རང་གིས་བཟས་པ་དང་སྤགས་ཚང་མ་རྒྱལ་པོར་སྤྲད། རྒྱལ་པོས་དེ་ལྟར་བུ་མོ་རྒན་པ་དེ་ཁོ་མོའི་ཁྱིམ་དུ་བསྐྱལ་བ་དང་བུ་མོ་འབྲིང་བ་ཁྲིད་ནས་ཡོང་། ལམ་བར་དུ་ཆུ་སྒྲོལ་དུས་དང་ཁྱིམ་དུ་སླེབས་ནས་ཤ་སྤགས་ཟ་སྐབས་སོགས་བུ་མོ་འབྲིང་བ་དེ་ཡང་བུ་མོ་རྒན་པ་ལྟར་ཡིན་པས། རྒྱལ་པོས་བུ་མོ་འབྲིང་བ་དེ་ཡང་རང་སར་བསྐྱལ་རྗེས་བུ་མོ་ཆུང་བ་ཁྲིད་ནས་ཡོང་། ཆུ་འགྲམ་དུ་སླེབས་དུས་རྒྱལ་པོས་བུ་མོ་ཆུང་བ་སྒལ་པར་འཁུར་རྩིས་བྱས་པར། བུ་མོ་ཆུང་བས་དེ་མུར། ཁྱོད་སྐྱེས་པ་ཕོ་ཞིག་གིས་ང་སྨན་ཆུང་བུ་མོ་ཞིག་སྒལ་པར་ཁུར་དུ་བཅུག་ན་ག་ལ་འགྲིག་ཅེས་བཤད་དེ། ཁོ་མོས་རྒྱལ་པོ་སྒལ་པར་ཁུར་ནས་ཆུ་བསྒྲལ་བ་རེད། དེ་ནས་རྒྱལ་པོའི་ཁྱིམ་དུ་འབྱོར་རྗེས། བུ་མོ་ཆུང་བས་ཤ་ཡག་པ་ཡོད་ཚད་རྒྱལ་པོར་ཕུལ་བ་དང་རང་གིས་སྤགས་དང་ཤ་སྡུག་པ་རྣམས་བཟས།

    དེའི་ཚེ། རྒྱལ་པོའི་སེམས་ལ་བུ་མོ་དེས་རང་ཉིད་ཀྱི་ཚེ་གང་གཏན་འགྲོགས་ཡོང་བ་འདུག་སྙམ་ནས། བུ་མོ་ཆུང་བ་ཕོ་བྲང་དུ་གདན་དྲངས་པ་དང་། ཁྱི་ལྤགས་ཕུད་ནས་རང་ཉིད་རྒྱལ་པོ་ཡིན་པའི་གནས་ཚུལ་ཇི་བཞིན་བཤད་དེ། གཉེན་སྒྲིག་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ནས་ཁོ་མོ་བཙུན་མོར་བསུས་པ་དང་། དེ་ནས་བཟུང་ཁོ་གཉིས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།