དབུ་ཤོག>བོད་ཀྱི་རིག་གནས།>བོད་ཀྱི་རྩོམ་རིག
  • ཨ་ལན་མེད་པའི་འཕྲིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཚེ་རིང་སྒྲོལ་མ།    |     སྤེལ་དུས།  2025-11-30

    ཡུལ་དུས་ཀྱི་བསྐལ་བས་བཅད་པའི་ལོ་ཟླ་གང་གི་ཕར་ངོགས་ན། མཐོ་བ་ནམ་མཁར་འཕུར་བའི་འདབ་ཆགས་སམ། དམའ་བ་ས་གཞིར་འཚོ་བའི་མི་དང་སྲོག་ཆགས་གང་ཞིག་ཡིན་རུང་། སྨག་ནག་པའི་མཚན་མོ་རེ་རེའམ། དྲག་ཆར་འབབ་པའི་ཉིན་མོ་རེ་རེ། ཡང་ན། ས་ཡོམ་རྒྱག་ཐེངས་ཤིག་གིས་གྲོང་ཁྱེར་ཞིག་གི་ལྷིང་འཇགས་དཀྲོག་དུས་ཀྱི་གནས་སྐབས་རེ་རེར། གང་ཞིག་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་གོ་རྗེས་ཀྱི་ཐོག་མ་ཉིད་ནས། བརྡ་ལན་ནམ་འཕྲིན་པ་ཞིག་གིས་ཕ་མ་དང་བུ་ཕྲུག བཟའ་ཚོ་དང་མཛའ་གྲོགས་སོགས་ཞགས་ཐག་ཅིག་ལྟར་ཀུན་ནས་སྦྲེལ་ཞིང་། ཕ་རོལ་པོའི“ཡོད་ཚད་བདེ་འཇགས་ཡིན”ཞེས་པའི་ཨ་ལན་དེ་ལ་བསྒུགས་དང་སྒུག་མུས་ལགས།

    ང་རང་ནམ་རྒྱུན་འབྲོག་ཁུལ་གྱི་ཟམ་པ་དེ་བརྒྱུད་ཐེངས་རེར། ཡིད་ལ་རང་དབང་མེད་པར་དབང་མོའི་ཕ་མ་གཉིས་འཁོར་འོངས་ལ། ཨ་ལན་མེད་པའི་འཕྲིན་པ་ཞིག་གི་གཏམ་རྒྱུད་ཀྱི་སྐྱོ་གར་ཡང་རེ་ཞིག་མིག་ལམ་དུ་ཤར་ཡོང་། 2020ལོའི་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ཉིན། སློབ་གྲྭར་ཡོད་པའི་དབང་མོས་རྒྱུན་གཏན་ལྟར་ཕ་མ་གཉིས་ལ་སྐད་འཕྲིན་དུ“ཁྱིམ་དུ་ཡོད་ཚད་བདེ་འཇགས་ཨེ་རེད”ཅེས་འཚམས་འདྲི་ཞུས། སྤྱིར་ན་ནམ་རྒྱུན་ཁོ་མོའི་ཕ་མས་དེ་མ་ཉིད་དུ་ལན་སློག་བཞིན་ཡོད་ཀྱང་། ཉིན་དེར་ཁོ་མོར་འཕྲིན་ལན་གཏན་ནས་མ་འབྱོར། མཚན་མོ་དེར་དབང་མོས་ཐག་ཐག་ཏུ་གྲགས་པའི་དུས་ཚོད་ཀྱི་མདའ་རྩེར་ཅེར་ཏེ། ལྟིག་ལྟིག་ཏུ་འཕགས་པའི་སྙིང་ཆུང་གི་འཕར་སྒྲ་དང་། ངེས་མེད་དུ་འཁྱམ་པའི་འདང་རྒྱག་གི་འཁོར་ཕྱོགས། ཨ་ལན་མེད་པའི་ཁ་པར་གྱི་བརྙན་ཤེལ་ལ་ཡང་ནས་ཡང་དུ་བལྟས་ཤིང་། ནང་སེམས་བློང་བློང་པོར་གྱུར་བས། གཉེན་ཉེ་དང་ཡུལ་མི་ཁྱིམ་མཚེས་སོགས་ལ་ཁ་པར་གཅིག་རྒྱག་གཉིས་རྒྱག་དང་། སྐད་འཕྲིན་གཅིག་སྐུར་གཉིས་སྐུར། ཨ་ལན་གཅིག་སྒུག་གཉིས་སྒུག་བྱེད་དགོས་བྱུང་། ཡིན་ནའང་། དགོང་མོ་དེར་གཉེན་ཉེ་ཕལ་ཆེ་བ་གཉིད་དུ་ཡུར་ཟིན་ལ། གཉིད་དུ་ཡུར་མེད་པ་དག་གིས་ཀྱང“མ་ཤེས་ཐལ”ཞེས་པའི་ཨ་ལན་སྟབས་བདེ་ཙམ་ལས། དབང་མོའི་ནང་སེམས་ལྷོད་ལ་བབས་པའི་ལན་ཞིག་གཏན་ནས་མ་ཐོས།

    སང་ཉིན་དེར། ཟམ་འགྲམ་ན་ཧྲུག་ཆག་ཏུ་གྱུར་པའི་འཕྲུལ་རྟ་དང་། ཟམ་སྟེང་དུ་ཟགས་པའི་འཕྲུལ་རྟའི་ལྡེ་མིག་སོགས་ནི་བཀྲ་མི་ཤེས་པའི་སྔོན་བརྡ་ཞིག་དང་ཅི་འདྲའི་མཚུངས། གཉེན་ཉེ་ཚོས་ཉེན་རྟོག་པ་བཙལ་ཏེ་འབྲོག་ཐང་གི་སྐྱེ་བོ་མང་པོ་བོས་ཤིང་། ཁོང་ཚོས་ཆུ་འགྲམ་དེད་དེ་དབང་མོའི་ཕ་མ་གཉིས་འཚོལ་བར་ཕྱིན། ལོ་དེ་ནི་ང་རང་མཐོ་རྒྱུགས་ལ་ཞུགས་པའི་ལོ་ཡིན་པས། སློབ་མ་གཞན་དང་བསྡུར་ན་ལྟོས་བཅས་ཀྱིས་འབྲོག་ཐང་ལ་ཅུང་སྔ་མོར་འབྱོར་ཟིན་པས། ང་རང་ཡང་ཁོ་མོའི་ཕ་མ་འཚོལ་མཁན་གྱི་དཔུང་ཁག་ནང་ཞུགས། ཆུ་གློག་ས་ཚིགས་དང་ཅུང་བར་ཐག་ཉེ་བའི་ཆུ་འགྲམ་གྱི་སྡོང་རྒན་ཞིག་གི་ཡལ་གར། ལྭ་བ་དཀར་སེར་གཉིས་འཁོན་ཡོད་པར་སྣང་བས། ཉེ་བར་བཅར་དུས་མི་གཉིས་ཀྱི་ཕུང་པོ་རེད། ང་ཚོས་ཞིབ་ཏུ་ལྟ་དུས་དེ་ནི་དབང་མོའི་ཕ་མ་ཡིན་ཞིང་། ཁོང་གཉིས་པོའི་དབུགས་ཀྱི་རྒྱུ་བ་སྔ་མོ་ནས་ཆད་འདུག ཉིན་དེར་དབང་མོའང་ཡིད་སེམས་མ་བདེ་བར་ཡུལ་དངོས་སུ་འབྱོར་འདུག ཨ་ཨ། འཁྱགས་སིབ་སིབ་ཀྱི་བེམ་པོ་གཉིས་ཀྱི་མདུན་དུ། སེམས་སྐྱོ་ནས་མིག་ཆུ་ལྷུང་ལྷུང་དུ་བཞུར་བའི་དབང་མོ་ཨང་། སྐབས་དེར་ངས་སེམས་གཏིང་ནས་ཁྱེད་ལ་སེམས་གསོའི་ཚིག་འགའ་གཏོང་འདོད་རུང་། ངའི་མགྲིན་པ་རེ་ཞིག་བརྣངས་ཏེ་སྐད་ཆ་ཚིག་གཅིག་ཀྱང་ངག་ནས་མ་འཁྲོལ། རང་སེམས་ནང་དུ་བཀུག་ནས་བསམ་བློ་རེ་བཏང་ན། མོ་ལོ་ཉི་ཤུའི་སྒོ་ཐེམ་བརྒལ་མ་ཐག་པའི་སློབ་མ་ཞིག་གིས་གློ་བུར་དུ་ཕ་མ་གཉིས་དང་བྲལ་བའི་གདུང་བ་ག་ལ་བཟོད་དམ།

    སྨན་ཁང་གི་བེམ་པོའི་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན། ཁོ་མོའི་ཨ་ཕའི་ཁྲག་ནང་དུ་ཆང་རག་གི་ཉིང་ཁུ་འདུས་ཚད་མཐོ་པོ་ཡོད་པས། མཚན་མོ་དེར་ཆང་བཏུངས་ནས་འཕྲུལ་རྟ་བསྐོར་བ་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ། དེའི་ཁར་ཉིན་དེར་དྲག་ཆར་བབས་པས་ལམ་བར་དུ་འདྲེད་བརྡབ་ཤོར་སླ་ཞིང་། སྦག་ཞྭའང་གྱོན་མེད་པ་དང་། ཆང་བཏུངས་རྐྱེན་འཕྲུལ་རྟ་འགྱེལ་ཏེ་ཁྱོ་ཤུག་གཉིས་གཡང་ལ་ལྷུངས་ནས་རྐྱེན་ལམ་དུ་ཤོར་བ་ཞིག་རེད། དུས་དེ་ནས་བཟུང་། འབྲོག་ཁུལ་དུ་མཚེར་ས་ཞིག་སྟོང་པར་ལུས་ཤིང་། དགོད་སྒྲས་ཕྱུག་པའི་འབྲོག་ཁྱིམ་ཞིག་ཁུ་སིམ་དུ་གྱུར། དབང་མོའི་ཨ་ཕྱི་ཡང་རྒན་སྐྲ་དཀར་གྱིས་གཞོན་སྐྲ་ནག་སྐྱེལ་བའི་ན་ཟུག་གི་གདུང་བས་མནར་ཞིང་། ཨ་ལན་མེད་པའི་འཕྲིན་པ་དེ་ཡི་རྒྱབ་ཏུ་རྒན་པར་འཁེན་ས་མེད་ཅིང་གཞོན་པར་བརྟེན་ས་མེད་པའི་གནས་སུ་གྱར། གལ་ཏེ། དུས་ཚོད་ཀྱི་གཙང་པོར་ལྡོག་ཐབས་ཤིག་ཡོད་ན། དགོང་མོ་དེར་ཁོ་མོའི་ཨ་ཕས་ཆང་བཏུངས་མེད་ན། ནམ་རྒྱུན་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་རྒྱུན་ཤེས་ལ་དོ་སྣང་ཅུང་ཟད་རེ་བྱས་ཡོད་ན། འཕྲིན་པ་དེ་ལ་ཨ་ལན་མེད་པ་ག་ལ་སྲིད།

    ང་ཚོས་ཡུལ་དུས་གང་རུང་ཞིག་ཏུ་འགྲུལ་བཞུད་ཀྱི་གོམ་ཁ་སྒྱུར་སྐབས། ཁྱིམ་གཞིས་དྲོན་མོའི་ཁུགས་སོ་ཞིག་ན། ཁྱེད་ཁོ་ན་སྙིང་ཁར་གླན་ཏེ་ཁྱེད་ཀྱི་འཕྲིན་པ་ཞིག་གི་ཨ་ལན་ལ་བསྒུགས་ནས་ཡོད་པའི་བཟའ་མི་བུ་ཕྲུག་དག་གཏན་ནས་མ་བརྗེད་ཨང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།