འོ་མའི་བཅུད་ལས་འཁྲུངས་པའི་གསོལ་མར་འདི། མཐོ་སྒང་བོད་མིའི་བཅུད་ལྡན་ཟས་ཀྱི་མཆོག

འདི་ནི་ལྷ་ས་གྲོང་ཁྱེར་ཕན་བདེ་ཁང་གི་ལས་མིས་རྒན་རྒོན་ཚོར་གསོལ་ཇ་བསྲུབས་མ་འདེགས་བཞིན་པ།

འདི་ནི་སྨར་ཁམས་རྫོང་གྲུ་པ་རོང་ཤང“གསར་བརྗེའི་ཆབ་མདོ། དར་རྒྱས་འབད་འབུངས”ཞེས་པའི་བྱེད་སྒོར་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཇ་བསྲུ་སྟངས་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་སྨར་ཁམས་རྫོང་གྲུ་པ་རོང་ཤང“གསར་བརྗེའི་ཆབ་མདོ། དར་རྒྱས་འབད་འབུངས”ཞེས་པའི་བྱེད་སྒོར་སྲོལ་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བའི་རྩལ་ནུས་ཇ་བསྲུ་སྟངས་འགྲན་བསྡུར་བྱེད་བཞིན་པ།

འདི་ནི་ཁྱད་ནོར་ཇ་མདོང་རྙིང་ཆས་ཚོང་ཁང་ནང་གི་སྲོལ་རྒྱུན་མདོང་མོ་ཡིན་པ།

འདི་ནི་ཁྲོམ་གཟིགས་སྒང་གི་མར་ཚོང་ཁང་ཡིན་པ།

འདི་ནི་ཁྱད་ནོར་ཇ་མདོང་རྙིང་ཆས་ཚོང་ཁང་ཡིན་པ།

འདི་ནི་མར་གྱིས་བཟོས་པའི་རྩེ་སྒྲོ་ཡིན་པ།

འདི་ནི་བཀྲ་ཤིས་ཆོས་སྡེ་སྡེ་ཁུལ་གྱི་ཨང་རྟགས་112དམངས་སྲོལ་གནས་ཚང་གི་སྦྱིན་བདག་གིས་ཡུལ་སྐོར་བར་ཇ་བསྲུབས་མ་བླུགས་བཞིན་པ།
འོ་མ་སོས་པ་དཀྲུགས་པའི་ཉིང་བཅུད་མར་ནི་བོད་རིགས་ཀྱི་བཟའ་བཏུང་རིག་གནས་ཀྱི་ཁྱད་རྟགས་གཙོ་བོ་དང་ས་མཐོའི་མི་རིགས་ཀྱི་འཚོ་གནས་ཀྱི་བློ་གྲོས་འདུས་ཡོད་ལ་ས་མཐོའི་མི་དམངས་ཀྱིས་རང་བྱུང་ཁམས་ལ་གུས་སྐྲག་དང་འཚོ་བར་དགའ་ཞེན་བྱེད་ལུགས་དེ་བས་མཚོན་གྱི་ཡོད། ཇ་བསྲུབས་མ་དང་། ཐུད། དེ་བཞིན་བོད་ཀྱི་ལོ་གསར་གཏོང་སྐབས་ཁྱིམ་ཚང་ཚང་མས་གྲ་སྒྲིག་བྱེད་དགོས་པའི་རྩེ་སྒྲོ་གང་ཞིག་ཡིན་རུང་ཚང་མ་མར་གྱིས་བཟོས་པ་ཤ་སྟག་ཡིན་པས་མར་ནི་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་བཟའ་བཅའ་ཞིག་ཡིན་པ་གང་ལེགས་མཚོན་ཐུབ།
མར་གྱི་འཚོ་བཅུད་དང་རིན་ཐང་ཆེ་བ།
མཐོ་གྲང་གསོ་རླུང་དཀོན་པའི་ས་མཐོར་མར་ནི་རང་བྱུང་ཁམས་ཀྱིས་མིའི་རིགས་ལ་སྦྱིན་པའི་འབུལ་རྟེན་ཡག་ཤོས་དེ་རེད། མར་གྱི་དྲོད་ཚད་ཆེ་ལ་འཚོ་རྒྱུ་འདུས་ཚད་མང་བས་ས་མཐོའི་གསོ་རླུང་མི་འདང་བ་དང་གྲང་ངར་ནུས་ལྡན་འགོག་ཐུབ་ཀྱི་ཡོད།
བོད་རིགས་ཁྱིམ་ཚང་མང་ཆེ་བས་མར་གསོག་འཇོག་བྱེད་ཀྱི་ཡོད་པ་དང་། རྒྱུན་གཏན་གྱི་དྲོད་ཚད་འོག་ཟླ་བ་ཁ་ཤས་ཉར་ཐུབ་ལ་གྲང་ཉར་བྱས་ཚེ་དུས་ཡུན་དེ་བས་རིང་བ་ཉར་ཚགས་བྱེད་ཐུབ་ཀྱི་ཡོད། ཇ་བསྲུབས་མ་ནི་ཁྱབ་རྒྱ་ཆེ་ཤོས་དང་རྒྱུན་དུ་མཐོང་མང་ཤོས་ཀྱི་བཏུང་བྱ་ཞིག་ཡིན་ཞིང་། དེར་མར་དང་། ཇ་ཁུ། ཚྭ་བཅས་བསྲེས་སྟབས་ཐུན་མོང་མ་ཡིན་པའི་བྲོ་བ་ཞིག་ལྡན་ཡོད།
གཞན་ཡང་། དམངས་ཁྲོད་དུ་མར་གྱི་སྨན་སྤྱོད་ནུས་པའང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཤིང་། འཚིག་རྨས་ཕྲན་བུ་བྱུང་སྐབས་རྨ་ཁར་མར་བྱུག་ཚེ་ན་ཟུག་ཆུང་དུ་འགྲོ་བ་དང་། དམིགས་བཀར་གྱི་སྨན་རྩྭ་དང་བསྲེས་ནས་བྱུག་ན་རྐང་ཚིགས་ལག་ཚིགས་མི་བདེ་བར་ཕན་པ། མཆུ་སྒྲོས་དང་ཤ་རྩི་སྐམ་ཤས་ཆེ་བར་བྱུག་ཚེ་དེའི་ཕན་ནུས་མངོན་གསལ་དོད་པོ་ཡོད་པ་བཅས་རེད།
མར་ལས་སྣོན་ས་ཚིགས་ཀྱི་སྔར་སོང་དང་ད་ཆ།
ད་ཆ། སྤྱིར་བཏང་བྱས་ན་ཁྱིམ་ཚང་ཚང་མར་ཇ་བསྲུབས་འཕྲུལ་ཆས་རེ་ཡོད།
ལོ་ངོ་སྟོང་གི་འགྱུར་ལྡོག་ལས་ཇ་བསྲུབས་མ་བཟོ་སྟངས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཇ་བསྲུབས་འཕྲུལ་ཆས་མེད་པའི་ལོ་ཟླར། ས་མཐོའི་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་མདོང་མོར་བརྟེན་ནས་ཇ་བསྲུབས་མ་བཟོ་གི་ཡོད། མདོང་མོ་དང་ཇ་བསྲུབས་འཕྲུལ་ཆས་དབར་གྱི་ཁྱད་པར་ཆེ་ཤོས་ནི་ཇ་མདོང་ནང་ཇ་བཟོ་སྐབས་མིས་རྒྱ་ལོ་འཐེན་ནས་ཤད་རྒྱག་དགོས། དེ་གཉིས་པོའི་ཇ་བཟོ་སྟངས་ཁྱད་པར་དེ་ཙམ་མེད་མོད། འོན་ཀྱང་དུས་ཚོད་དང་མིའི་རྩོལ་བའི་ཐད་ཧེ་བག་ཆེན་པོ་ཡོད།
ཇ་བསྲུབས་འཕྲུལ་ཆས་དར་ཁྱབ་བྱུང་ནས་སྲོལ་རྒྱུན་གྱི་མདོང་མོ་སྤྱོད་མཁན་ཇེ་ཉུང་དུ་སོང་མོད། འོན་ཀྱང་མདོང་མོ་ནི་གནའ་སྔ་མོའི་ཡོ་བྱད་ཙམ་མིན་པར། དེ་ནི་བོད་རིགས་ཀྱི་བཟའ་བཏུང་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞིག་ཡིན་ལ། དེང་རབས་ཅན་གྱི་རླབས་རྒྱུན་ཁྲོད་ས་མཐོའི་མི་དམངས་ཀྱི་བསམ་པའི་རིག་གནས་མཚོན་པའི་སྣོད་ཆས་ཤིག་ཀྱང་རེད།
བར་སྐོར་ཁྲོམ་གཞུང་དུ་གསར་འགོད་པས“ཁྱད་ནོར་ཇ་མདོང་རྙིང་ཆས་ཚོང་ཁང”ཞིག་མཐོང་བྱུང་། ཚོང་ཁང་དེ་རྒྱ་ཆེན་པོ་མེད་ཀྱང་དེའི་ནང་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་སྲོལ་རྒྱུན་ཇ་མདོང་དང་། བཟོ་ལྟ་རྙིང་པའི་ཇ་ལྡིར། བཟོ་ལྟ་རྙིང་པའི་ཞོ་བླུག་སོགས་གྲལ་འགྲིག་པོར་བཞག་ཡོད་པས་བརྗོད་དོན་གཙོ་བོའི་རྟེན་མཛོད་ཁང་ཆུང་ངུ་ཞིག་དང་འདྲ་བར་ས་མཐོའི་མི་དམངས་ཀྱི་དཀའ་སྤྱད་ལས་བརྩོན་གྱི་བློ་གྲོས་མཚོན་འོང་།
མར་ནི་དྲི་ངད་ལྷང་ལྷང་འཐུལ་བའི་རིག་གནས་ཤིག་རེད།
ལྷ་སའི་ཁྲོམ་གཞུང་དང་སྲང་ལམ་གང་སར་མཐོང་མང་ཤོས་ནི་ཇ་ཁང་ཡིན་ཞིང་། ཡུལ་དེ་གའི་མི་རྣམས་ཇ་ཁང་ནང་འགྲོ་རྒྱུར་དགའ་པོ་ཡོད་པ་མ་ཟད། ཡུལ་སྐོར་བས་ཞིམ་ཟས་འཚོལ་ཞིབ་བྱེད་ས་ཞིག་ཏུའང་གྱུར་ཡོད།
《དཔལ་ལྡན་རྒྱུད་བཞིའི》ནང“མར་ལ་སྟོབས་འཕེལ་བ་དང་། དྲོད་སྐྱེ་བ། གློ་བར་ཕན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད”ཅེས་འཁོད་ཡོད། དེང་རབས་ཀྱི་ཞིབ་འཇུག་ལས་ཀྱང་མར་ལ་ཁམས་གསོའི་རིན་ཐང་ཆེན་པོ་ལྡན་པ་བདེན་དཔང་བྱས་ཡོད།
“ང་རི་ལ་འཛེག་རྒྱུར་དགའ་པོ་ཡོད། ཡིན་ནའང་ས་མཐོར་རི་ལ་འཛེག་སྐབས་ངལ་དུབ་ཆེ་བས་ཇ་བསྲུབས་མ་བཏུངས་ཚེ་ངལ་དུབ་སེལ་ཐུབ་པ་དང་ལུས་ཤུགས་རྒྱས་ཐུབ། ང་ཡང་མི་མང་པོ་དང་མཉམ་དུ་བསྡད་དེ་ཇ་བསྲུབས་མ་འཐུང་གྱིན་ལྷོད་ཤིག་ཤིག་ངང་སྡོད་རྒྱུར་དགའ་པོ་ཡོད”ཅེས་ཧུའུ་པེ་ནས་ཡིན་པའི་ཨ་ཅག་ཧུའུ་ལགས་ཀྱིས་བཤད།
དོ་སྣང་བྱེད་དགོས་པ་ཞིག་ལ། མར་ནི་དྲོད་ཆེ་བའི་བཟའ་བཅའ་ཞིག་ཡིན་པས་རྒྱུན་དུ་ཚད་རན་པོ་དགོས། ཁྱིམ་ཚང་མང་ཆེ་བས་མར་དེ་རྩམ་པ་དང་སྔོ་ཚལ་སོགས་དང་མཉམ་དུ་ཟ་གི་ཡོད་པས་འཚོ་བཅུད་སྙོམས་པོ་ཡོང་གི་ཡོད། དེང་རབས་འཚོ་བཅུད་རིགས་གཅིག་མཁས་ཅན་གྱིས་ས་མཐོར་འཚོ་བ་སྐྱེལ་མཁན་མིན་ན། ཉིན་རེར་མར་ཁེ་15ལས་མང་བ་བཟའ་མི་རུང་ལ། དེ་ཁྱད་ལྡན་བྲོ་རྫས་ལ་བརྩིས་ཏེ་སྲེག་ཟས་དང་འཐུང་ཆའི་རིགས་དང་འདྲེས་སྦྱོར་བྱེད་ཆོག་པའི་གྲོས་འགོ་བཏོན་ཡོད།
ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད། མར་དེ་ཉིད་ས་མཐོའི་མི་དམངས་ཀྱི་འཚོ་བའི་ཕྱོགས་གང་ས་ཅི་ཐད་དང་འདྲེས་ནས་ཡོད་ལ་ས་མཐོ་བ་མི་རབས་ནས་མི་རབས་བར་གྱི་འཚར་ལོངས་ཁྲོད་མེད་དུ་མི་རུང་བའི་འཚོ་བཅུད་ཅིག་ཏུ་གྱུར་ཡོད། ད་ཆ་མར་ནི་བཟའ་བཅའ་ཁོ་ན་མ་ཡིན་པར། དེས་ས་མཐོའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད་ལ། དེ་བས་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན་པའི་ངོས་ནས། ས་མཐོའི་བུ་ཕྲུག་གི་འཚོ་བ་དང་སེམས་ནང་ཡོངས་སུ་འདྲེས་ཡོད།
འབྲེལ་ཡོད་གསར་འགྱུར།