དབུ་ཤོག>བོད་ཀྱི་རིག་གནས།>དེབ་གསར་འོས་སྦྱོར།
  • 《གཙང་ཁུལ་དམངས་གླུའི་སྒྲ་སྙན་དཀྲོལ་གཏོང་བསླབ་གཞི་བློ་གསར་དགའ་བསྐྱེད 》ཞེས་པ་དཔེ་སྐྲུན་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།   |     སྤེལ་དུས།  2025-11-28

    དམངས་ཁྲོད་ན་གཞོན་སྒྱུ་རྩལ་པ་གྲགས་ཅན་གཙང་པ་ནོར་བུ་ལགས་ཀྱིས་སྒྲིག་རྩོམ་གནང་བའིགཙང་ཁུལ་དམངས་གླུའི་སྒྲ་སྙན་དཀྲོལ་གཏོང་བསླབ་གཞི་བློ་གསར་དགའ་བསྐྱེད ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

    སྔོན་འགྲོའི་གཏམ།

    《གཙང་ཁུལ་དམངས་གླུའི་སྒྲ་སྙན་དཀྲོལ་གཏོང་བསླབ་གཞི་བློ་གསར་དགའ་བསྐྱེད 》ཅེས་པའི་དཔེ་དེབ་འདི་ལོ་མང་རིང་གི་དམངས་གཞས་གཏོང་ལེན་དང་སྒྲ་སྙན་དཀྲོལ་རྩལ་གྱི་མཐོང་ཐོས་མྱོང་གསུམ་བརྒྱུད་ནས་དགའ་དད་སྤྲོ་གསུམ་གྱིས་སྒྲ་སྙན་དཀྲོལ་གཏོང་ལ་མོས་པའི་བློ་གསར་རྣམས་དང་དམངས་གླུ་གཏོང་ལེན་ལ་སྤྲོ་བའི་མི་བུ་ཀུན་ལ་བཟང་པོའི་ཉམས་མྱོང་སྤེལ་བ་དང་གོ་བསྡུར་སློབ་སྦྱོང་བྱེད་ཆེད་བསྡུ་སྒྲིག་ནན་ཏན་བགྱིས་པ་ཞིག་ཡིན།དཔེ་དེབ་འདི་ལྟ་བུ་ཞིག་སྒྲིག་དགོས་དོན་ནི།ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་དབུ་ཁྲིད་འོག་གོང་རིམ་གྱི་འབྲེལ་ཡོད་ཚན་པ་ཁག་ནས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྤྱི་དང་།ཡང་སྒོས་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་གླུ་གར་སྒྱུ་རྩལ་ལ་གཙིགས་མཐོང་ཆེར་མཛད་ཀྱིས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་མཛད་ཕྱོགས་དོན་འཁྱོལ་གནང་དང་གནང་མུས་ཡིན་གཤིས།ཉི་མའི་ཟེར་གྱིས་རབ་བསྐྱངས་པའི།།འདམ་སྐྱེས་པདྨའི་ལང་ཚོ་རྒྱས།།ཞེས་པ་ལྟར།ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་ཁྲོད་རིག་རྩལ་ལའང་གསོན་ཤུགས་ཀྱི་རེ་བ་ཉམས་མེད་སྦྱིན་བཞིན་མཆིས།

    དེ་ཡང་ཀྲུང་ཧྭ་སྲོལ་རྒྱུན་རིག་གནས་ཀྱི་མཁའ་དབྱིངས་སུ་བཀྲག་མདངས་རབ་ཏུ་འཚེར་བའི་སྐར་མ་འོད་པོ་ཆེ་སྟེ་ཕ་ཡུལ་གཙང་གི་ཁྱད་ཆོས་ལྡན་པའི་སྒྲ་སྙན་དཀྲོལ་སྲོལ་ཐད།རྨོངས་བརྟུལ་ཁོ་བོས་དུས་ཡུན་རིང་པོའི་ནང་ལམ་ཆེན་རྒྱ་ཤོག་སྒྲིལ་སྒྲིལ།ལམ་ཆུང་རྒྱུན་བུ་འཐེན་འཐེན་གྱིས་གཙང་ཁུལ་ཡུལ་ལུང་དུ་མར་གཤམ་སྐྱོད་ཀྱིས་དམངས་གླུ་འཚོལ་བསྡུ་དང་ཕྱོགས་བསྒྲིཊ། ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་པའི་སྒྲ་སྙན་དཀྲོལ་གཏོང་ལ་དཔྱད་ཞིབ་ཉམས་ལེན་ཚགས་སུ་ཚུད་པ་བྱས་མཐར། གཙང་ཁུལ་མེས་པོའི་ཁྱད་ལྡན་སྒྲ་སྙན་དཀྲོལ་སྲོལ་ཏེ་སེན་ལྡེ་མར་དཀྲོལ་མང་བའི་ཁྱད་ཆོས་གཙོར་བཟུང་བྱས་ཡོད། དཔེ་དེབ་འདིའི་ནང་དོན་ཁྱོན་ས་བཅད་ཆེ་བ་ལྔ་ལ་དབྱེ་སྟེ། ས་བཅད་དང་པོར་གཙང་པའི་སྒྲ་སྙན་དཀྲོལ་སྲོལ་གྱི་ཁྱད་ཆོས་དང་སྒྲ་སྙན་གྱི་བྱུང་འཕེལ་ལོ་རྒྱུས་སོགས། ས་བཅད་གཉིས་པར་སྒྲ་སྙན་དཀྲོལ་སྲོལ་གྱི་རྨང་གཞིའི་ཤེས་བྱ། ས་བཅད་གསུམ་པར་གཙང་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྟོད་གཞས། ས་བཅད་བཞི་པར་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གཙང་པའི་དམངས་གླུ། ས་བཅད་ལྔ་པར་མཇུག་བསྡུའི་སྐོར། དེ་དག་ཚང་མ་གཙང་རང་གི་ཁྱད་ལྡན་དཀྲོལ་སྲོལ་(ཁ་སྒྲམ)དང་། གཞན་ཡང་གཙང་ཁུལ་གྱི་ཡུལ་གོམས་གཤིས་ལུགས་དང་སྐད་བརྡའི་ཁྱད་ཆོས་སོགས་ཀྱིས་ཐེབས་པའི་ཤུགས་རྐྱེན་རྣམས་ཀྱང་གང་ནུས་ཅི་ལྕོགས་ཀྱིས་གྲ་ཆག་གྲུ་ཆག་མེད་པར་བཀོད་ཡོད། གཞན་ཡང་གཙང་ཁུལ་དམངས་གླུ་ནི་ཟབ་ཡངས་རྒྱ་མཚོ་བཞིན་གཏིང་དཔོག་དཀའ་ལ། གུས་པ་རང་ཉིད་ནི་ཤེས་རབ་རྣམ་དཔྱོད་ཀྱི་དབུལ་བས། རྗོད་བྱེད་ཀྱི་ཚིག་སྦྱོར་དང་འབྲི་འདོད་ཀྱི་དབྱངས་རྟགས་གང་ཅིར་མདའ་འབེན་ལ་མ་ཕོག་པ་དང་། ཚིག་གནད་ལ་མ་འཁེལ་བ་སོགས་ཀྱི་སྐྱོན་ཆ་ཅི་མཆིས་བློ་ལྡན་ཀུན་གྱི་སྤྱན་སྔར་བཟོད་གསོལ་གྲངས་མེད་ཞུ་བ་དང་སྤྲགས། མཁྱེན་པའི་སྤྱན་དཀྱུས་རབ་ཏུ་ཡངས་པའི་གཟུར་གནས་མཁས་དབང་ཚོས་ཐད་ཀར་ཡོ་བསྲང་དང་། ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ལམ་སྟོན་གང་མང་གནང་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་བ་ལགས་སོ། །ཞེས་གཙང་པ་ནོར་བུའི་སྦྱར་བ་དགེའོ། །


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།