དབུ་ཤོག>བོད་ཀྱི་རིག་གནས།>བོད་རིག་པ།
  • རྒྱ་བོད་ལོ་ཙཱའི་ཁྲོད་དུ་ཐོན་པའི་འགྱུར་སྐྱོན་ཁག་གཅིག་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-28

    ལོ་ཙཱའི་ལག་ལེན་ཁྲོད་མ་ཡིག་གི་བསྟན་དོན་གསལ་པོར་རྟོགས་པ་དང་ཇི་བཞིན་དུ་ཕབ་སྒྱུར་བྱེད་པ་ནི་ལོ་ཙཱའི་བརྒྱུད་རིམ་གལ་ཆེན་གཉིས་ཡིན། བསྟན་དོན་གསལ་པོར་རྟོགས་པ་ནི་ཕབ་སྒྱུར་ཡང་དག་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་རེད་ལ། བསྒྱུར་ཡང་དག་ཡོང་བའི་རྨང་གཞི་དང་ལོ་ཙཱའི་བརྒྱུད་རིམ་གྱི་འགག་གནད་དེ་བས་ཀྱང་རེད། ཚང་མས་ཤེས་གསལ་ལྟར། ལོ་ཙཱ་ལེགས་ཉེས་ཀྱི་ཚད་གཞི་ནི་དོན་ལ་འབྱོར་མིན་དང་གོ་བདེ་པོ་ཡོད་མེད་དེ་རེད། རྒྱུན་དུ་ང་ཚོས་ལོ་ཙཱ་བྱེད་སྐབས་ཐ་སྙད་དོན་ལ་མི་འཇུག་པའམ་ཡང་ན་རང་གི་འགྱུར་ཡིག་རང་གིས་མི་གོ་བའི་གནད་དོན་བྱུང་དང་འབྱུང་བཞིན་ཡོད། དེང་གི་དུས་སུ་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་སྒྱུར་ཡིག་གི་རྩ་དོན་ཆེན་པོ་གསུམ་ལས་འགལ་ནས་རང་འདོད་ལྟར་བསྒྱུར་བའི་གནད་དོན་རེ་ཟུང་ཐོན་དང་ཐོན་མུས་སུ་མཆིས་པས། གཤམ་ལ་གུས་མོས་དཔེར་བརྗོད་དང་སྦྲགས་མདོ་ཙམ་བརྗོད་པར་འདོད་དེ།

    གཅིག འཕྲུལ་འཁོར་ཡིག་སྒྱུར་ལ་བརྟེན་དྲགས་པ་དང་ཐད་སྒྱུར་བྱེད་མང་བ།

    དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ལས་དོན་ཐ་དག་ཉིན་རེ་ལས་མ་འདས་པར་གོང་འཕེལ་བྱུང་བ་དང་བསྟུན་ནས། ང་ཚོ་ལོ་ཙཱ་བའི་ལག་ལེན་ཁྲོད་ཅ་དངོས་གསར་པ་མང་པོའི་ཐ་སྙད་འཕྲད་ཚེ། ལམ་སེང་ཨུ་ཚུགས་ཀྱིས་མི་སྒྱུར་བར། བསམ་བློ་ཞིབ་ཏུ་བཏང་ནས་དོན་ལ་འབྱོར་བའི་མིང་བརྡ་གསར་དུ་འདོགས་རྒྱུ་ནི་གལ་ཤིན་ཏུ་ཆེའོ། ཐ་སྙད་གསར་པ་མང་ཆེ་བ་རྫེས་གྲུབ་ཀྱི་མིང་ཡིན་པས། ང་ཚོས་ལོ་ཙཱ་བྱེད་སྐབས། དངོས་པོ་དེའི་ངོ་བོ་དང་གྲུབ་ཚུལ། ཁྱད་ཆོས་བཅས་ལ་དབྱེ་ཞིབ་རྒྱུས་ལོན་བྱས་ཏེ་བོད་ཀྱི་བརྡ་སྤྲོད་ལས་རྗེས་གྲུབ་ཀྱི་མིང་གི་འདོགས་ཚུལ་ལྟར་མིང་བརྡ་གསར་པ་བཟོས་ན་ད་གཟོད་འགྲིག་པར་འདོད། དེང་སྐབས་ཀྱི་འགྱུར་མའི་ནང་རྒྱ་སྐད་བོད་སྐད་དུ་ཐད་སྒྱུར་བྱས་དྲགས་པ་མང་པོ་མཐོང་རྒྱུ་ཡོད་པ་དཔེར་ན། “新生婴儿” ཕྲུ་གུ་དམར་འབྱར་ལ་གསར་སྐྱེས་དམར་འབྱར་ཞེས་པ་ལྟ་བུར་སྒྱུར་ཤག་ཤག་བྱེད་པ་དང་། དེ་ལྟར་བསྒྱུར་ན་ད་དུང་རྙིང་སྐྱེས་དམར་འབྱར་ཞིག་ཀྱང་ཡོད་པ་ཤུགས་ནས་གོ་བ་དང་། “选派”མངགས་པ་ཞེས་བསྒྱུར་དགོས་པ་སྟེ། སྔོན་མ་ཐོན་མི་རྒྱ་གར་ལ་མངགས་པ་རེད་ཅེས་ཟེར་བ་མ་གཏོགས། ཐོན་མི་རྒྱ་གར་ལ་བདམས་གཏོང་དང་འདེམས་མངགས་བྱས་པ་རེད་ཅེས་པ་ལྟ་བུ་ཤོད་སྲོལ་མེད་བཞིན་དུ་གསར་པ་བཟོས་པས་མིང་ཚིག་དེས་བྱ་བ་དེ་སྟོན་མི་ཐུབ་པ་མ་ཟད་མཇུག་ཏུ་སླར་ཡང་བྱ་ཚིག་བྱས་ཞེས་པ་སྦྱར་ནས་བདམས་གཏོང་བྱས་དང་འདེམས་མངགས་བྱས་ཞེས་པ་བྱ་ཚིག་ཟློས་སྐྱོན་དུ་གྱུར་བ། “可信赖的朋友”ཞེས་པ་ཚིག་ངོས་ལ་བསྟུན་ཆེ་དྲགས་ནས་ཡིད་རྟོན་བྱེད་ཆོག་པའི་གྲོགས་པོ་ཞེས་ཐད་སྒྱུར་བྱེད་པ་ལས་གྲོགས་པོ་བློས་ཐུབ་ཅེས་བསྒྱུར་ན་དོན་ལ་འབྱོར་བ། གོང་གསལ་གྱི་དཔེ་ལྟར་ཡིག་སྒྱུར་བྱེད་སྐབས་ཚིག་ཉུང་དོན་བསྡུས་ཀྱི་སྒོ་ནས་སྒྱུར་ཐུབ་རུང་ཡིན་གཅིག་འཕྲུལ་འཁོར་ཡིག་སྒྱུར་ལ་བསྟུན་ནས་ཚིག་རོ་མང་པོ་ཞིག་མཉམ་དུ་བསྒྱུར་ན། དེ་ནི་ཚིག་གི་ལོ་མས་མ་བསྒྲིབས་ཤིང་དོན་གྱི་འབྲས་བུ་གཡུར་དུ་ཟ་བ་ཞིག་མི་ཡོང་བར་དོན་མེད་ཚིག་རོས་ཁེངས་ནས་ཀློག་པ་པོས་གོ་དཀའ་བར་གྱུར།

    གཉིས། ཚིག་གཅིག་དོན་མང་ལ་གོ་བའི་ཐ་སྙད་ཁག་གཅིག་སྐབས་ཐོག་གི་མ་ཡིག་གི་ནང་དོན་དང་བསྟུན་ནས་བསྒྱུར་མི་ཐུབ་པ།

    མིང་བརྡ་དོན་ལ་མཐུན་པ་དང་ཚིག་གི་སྦྱོར་བ་བདེ་བ་གཉིས་ནི་ཕན་ཚུན་འབྲལ་ཐབས་མེད་པ་ཞིག་རེད། དོན་ལ་འབྱོར་ཡང་ཚིག་བདེ་བ་ཞིག་མིན་ཚེ་ཀློག་མཁན་གྱིས་ལྟ་མི་འདོད་པ་དང་། ཚིག་བདེ་ཡང་དོན་ལ་མི་འབྱོར་ཚེ་མ་ཡིག་གི་ནང་དོན་ཆད་ལྷག་གམ་སྒྱུར་སྐྱོན་འབྱུང་བ་ཡིན། དཔེར་ན། ལོ་ཙཱ་བ་རྟ་མགྲིན་འབྲུག་གྲགས་ལགས་ཀྱི་གསུང་ལས། རྒྱ་སྐད་ཀྱི“世界”ཞེས་པའི་སྒྲ་དེ་བོད་སྐད་ལ་འཇིག་རྟེན། དཔེར་ན། “世界观”ལ་འཇིག་རྟེན་ལྟ་ཚུལ་ལྟ་བུ་དང་། “世界屋脊”ལ་འཛམ་གླིང་ཡང་རྩེ་ལྟ་བུ། “物质世界”ལ་ཕྱི་དངོས་པོའི་ཡུལ་དང་། “精神世界”ལ་ནང་སེམས་ཀྱི་ཁམས་དང་། “世界末日”ལ་བསྐལ་པའི་མཐའ་དང་། “饥荒的世界”ལ་མུ་གེས་མནར་བའི་ལུང་པ་བཅས་དོན་མི་འདྲ་བ་དྲུག་ལ་འཇུག་པར་གསུངས་པ་ལྟ་བུའོ། དེ་དང་དེ་འདྲ་བར་སྐབས་ཐོག་གི་མ་ཡིག་གི་ནང་དོན་དང་བསྟུན་ནས་བསྒྱུར་དགོས་པ་ལས་འཛམ་གླིང་གཅིག་པུ་ཁོ་ནར་གོ་བ་བླངས་ནས་ཞྭ་དཔེ་ལྷམ་འགེབས་བྱས་ན་མི་འགྲིག་སྙམ།

    གསུམ། མང་ཚོགས་ཀྱི་ངག་རྒྱུན་ལ་བྱང་པའི་ཐ་སྙད་ལ་སྣང་བ་མ་བཏང་བར་ཐ་སྙད་བཙན་སྒྱུར་བྱས་པའི་སྐྱོན།

    སྔོན་བྱོན་ལོ་པཎ་རྣམས་ཀྱིས་རྒྱལ་བའི་བཀའ་དང་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་བསྒྱུར་ཀྱང་། བོད་ཀྱི་མིང་བརྡས་མ་འདང་བའི་བཤད་རྒྱུན་ཐོས་མ་མྱོང་མོད། འོན་ཀྱང་དེང་སང་ལོ་ཙཱ་བ་མང་པོས་མ་ཤེས་བཙན་སྒྱུར་བྱས་པའི་ཐ་སྙད་མང་པོ་མཐོང་རྒྱུ་ཡོད། ང་ཚོས་ལོ་ཙཱ་བྱེད་སྐབས་ངེས་པར་དུ་ཀློག་པ་པོར་བསམ་བློ་གཏོང་དགོས། དཔེར་ན། “收割机”བཙས་འཁོར་ལ་བརྔ་བསྡུ་འཕྲུལ་འཁོར། “刹车踏板”ཟྭ་འདྲེད་ལ་རླངས་འཁོར་ཁ་འགོག་ཆས། “方向盘”འཕང་ཤངས་ལ་ཁ་ལོ་སྒྱུར་བྱེད། “自来水”ཆུ་ཀ་ལར་རང་འབབ་ཆུ་ཀ་ལ། “橡皮擦”སུབ་རྟར་འགྱིག་སུབ་ཅེས་བསྒྱུར་བ་སོགས་མདོར་ན་ཐ་སྙད་ཁག་གཅིག་རྒྱུན་དུ་ང་ཚོའི་འཚོ་བའི་ནང་བེད་སྤྱོད་མང་པོ་བྱེད་ཀྱི་ཡོད་ཀྱང་དེ་དག་བེད་སྤྱོད་མ་བྱས་པའི་དབང་གིས་བརླག་འགྲོ་གི་ཡོད། དེས་ན་ཐ་སྙད་དེ་དག་ནམ་རྒྱུན་འཚོ་བའི་ཁྲོད་སྤྱོད་གང་ཐུབ་བྱེད་པ་ལས་རང་འདོད་ལྟར་གསར་བཟོ་དང་བཙན་སྒྱུར་བྱས་ན་མི་འགྲིག་སྙམ། ཡང་དཔེར་ན། “文明单位 文明村 ”ལ་ཤེས་དཔལ་ལས་ཁུངས་དང་ཤེས་དཔལ་གྲོང་ཚོ་ཞེས་ཤེས་དཔལ་གྱི་དོན་ནི་སྐབས་འདི་ནས་སྲུང་བྱའི་ཁྲིམས་སྲུང་ཞིང་བསྒྲུབ་བྱའི་དོན་འགྲུབ་པ། སྤྱོད་ལམ་ལེགས་པ་སོགས་དཀར་པོ་དགེ་བའི་ལས་ལ་འབད་པ་དང་ནག་པོ་སྡིག་པའི་ལས་དོར་བའི་སྤྱོད་པ་ལྡན་པ་སྟོན་ཕྱིར། ཤེས་དཔལ་ལས་ཁུངས་ཞེས་བསྒྱུར་ན་བོད་སྐད་མིན། རང་སྐད་དུ་མི་ཡ་རབས་དང་ཁྱིམ་ཚང་ཡ་རབས། མི་ཡ་རབས་མ་རབས་སྤྱོད་པས་ཤེས། ཡུལ་ས་ཕྱོགས་གང་ཡིན་སྐད་ཀྱིས་ཤེས་ཞེས་བརྗོད་པ་བཞིན། དེ་ལ་རང་སྐད་དུ་ལས་ཁུངས་ཡ་རབས་ཞེས་བསྒྱུར་ན་བོད་སྐད་དང་མཐུན་པའི་ཐ་སྙད་ཡིན་པ་དང་བརྡ་སྤྲོད་ལུགས་དང་མཐུན་ལ། ཁྱད་གཞི་སྔོན་དང་ཁྱད་ཆོས་རྗེས་ཞེས་ཁྱད་ཆོས་སྟོན་པའི་མིང་ནི་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གི་མཐར་སྦྱོར་བ་ཡིན་པས་ན། ལས་ཁུངས་ཡ་རབས་ཞེས་བསྒྱུར་ན་འགྲིག ཡིན་ནའང་ཡང་རང་སྐད་དུ་ཁྱད་ཆོས་སྟོན་པའི་མིང་ནི་འཇུག་ཡུལ་དུ་གྱུར་བའི་མིང་གང་གི་མགོར་སྦྱོར་བའང་མཆིས།

    བཞི་པ། ཁ་སྐད་དང་སྔར་ནས་ཡོད་པའི་གཏམ་དཔེ་སྤྱོད་ཉུང་བ།

    མི་རིགས་གང་ཞིག་ཡིན་ཡང་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་པ་དང་དེ་བཞིན་མི་རིགས་དང་རིག་གནས་གཞན་དང་འབྲེལ་འདྲིས་བྱུང་བའི་དབང་གིས་དེའི་སྐད་དང་ཡི་གེར་ཡང་དེ་བསྟུན་གྱི་འགྱུར་བ་བྱུང་མོད། འོན་ཀྱང་མི་རིགས་དེའི་སྐད་དང་ཡི་གེའི་བརྡ་སྤྲོད་ཀྱི་ལུགས་ལ་འགྱུར་བ་འབྱུང་དཀའ་བ་ཚང་མས་མཁྱེན་གསལ་རེད། དེང་སྐབས་རྒྱ་བོད་ལོ་ཙཱ་བྱེད་རིང་རྒྱ་སྐད་ཀྱི་བཤད་སྲོལ་གྱི་གོམས་ལུགས་ལྟར་དུ་བོད་སྐད་སྨྲ་བའི་སྣང་ཚུལ་མང་། དཔེར་ན་ཁུར་སེམས་དང་འགན་སེམས་ལ་འགན་ཁུར་གྱི་བསམ་པ་དང་འགན་ཁུར་གྱི་འདུ་ཤེས་ཞེས་དང་། ཆུང་གྲོགས་ལ་བྱིས་དུས་ཀྱི་གྲོགས་པོ། ནག་ཚོང་ལ་ཁྲིམས་འགལ་གྱི་ཚོང་རའི་ཉོ་ཚོང་སོགས་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ནང་དུས་རྒྱུན་འཚོ་བའི་ཁྲོད་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་གི་ཐ་སྙད་དེ་ཚོ་མ་སྤྱད་པར་གསར་པ་རྐྱང་བཟོ་གིན་བསྡད་ན་མ་ཡིག་གི་ནང་དོན་གོ་བརྡ་འཕྲོད་རྒྱུའི་ཚབ་ལ་ཞལ་གད་ཀྱི་རྒྱུ་རུ་འགྱུར་རྒྱུ་ལས་མ་འདས་སོ། ཡང་དཔེར་ན། “身在曹营 心在汉”ཞེས་པ་ནི་རྒྱའི་ལོ་རྒྱུས་ཐོག་གི་གཏམ་རྒྱུད་གྲགས་ཅན་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཅེས་པ་ལས་བྱུང་བ་ཡིན་པས། བོད་སྐད་ལ“གཟུགས་པོ་ཚའོ་ཚའོ་སྒར་ན་གནས། སེམས་པ་ལིའུ་པེ་ཕྱོགས་ལ་འཁོར”ཞེས་བསྒྱུར་བ་ནི་གཏམ་དཔེ་དེའི་རྒྱབ་ལྗོངས་དང་བཅས་པ་བོད་སྐད་དུ་བསྒྱུར་བ་མིན་པ་དང་། དེ་ལྟར་བསྒྱུར་ན་བོད་ཀྱི་ཀློག་པ་པོ་རྣམས་ཀྱིས་གཏམ་རྒྱུད་དེ་མི་ཤེས་པའམ་ཡང་གཏམ་དཔེ་འདིས་བོད་ཀྱི་རིག་གནས་ཁྲོད་དུ་གནས་བབ་གང་ཡང་བཟུང་མེད་པས་སུས་ཀྱང་གོ་མི་ཐུབ། ང་ཚོས་གེ་སར་རྒྱལ་པོའི་སྒྱུང་ལས་བྱུང་བའི་གཏམ་དཔེ“འབྲུག་མོ་ཧོར་དང་བསམ་པ་གླིང”ཞེས་པ་གཏམ་དཔེ་འདིའི་ཚབ་ཏུ་བྲིས་ན་བོད་ཀྱི་ཀློག་པ་པོ་ཚང་མས་གོ་ཐུབ་པ་མ་ཟད། སྐད་ཆ་ཡང་གསོན་ཉམས་ལྡན་པར་ཡོང་ཐུབ།

    སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་ལོ་ཙཱ་བྱས་པ་ནི་བོད་སྐད་ཀྱི་བརྡ་སྤྲོད་པའི་ ལུགས་དང་མཐུན་ཞིང་གོ་བདེ་བ་ཤ་སྟག་རེད། ཡིན་ན་ཡང་ད་ལྟ་ཡིག་སྒྱུར་བྱས་པའི་སྒྱུར་རྩོམ་ཁ་ཤས་ལ་མགོ་ནས་མཇུག་བར་བཀླགས་ཀྱང་ནང་དོན་གསལ་པོ་ཞིག་གོ་མི་ཐུབ་པའི་སྣང་ཚུལ་རེ་ཟུང་ཡོད་ལ། ཐ་ན་མི་མི་ཉུང་བ་ཞིག་གི་སྒྱུར་དེའི་མ་ཡིག་ལ་བལྟས་ན་སྒྱུར་བྱེད་ནང་དོན་དེ་གང་བརྗོད་པ་རྟོགས་པ་ལས། དེ་མིན་སྒྱུར་བྱེད་ཁོ་ནར་བལྟས་ན་ནང་དོན་གང་ཟེར་བ་མི་ཤེས་པས་བོད་ཡིག་ཡིན་ལ་བོད་སྐད་མིན་པ་རང་རེད་ཟེར་མཁན་ཡང་ཉུང་ཤས་མིན། རྒྱུ་མཚན་ནི་ང་ཚོ་ལོ་ཙཱ་བས་བསྒྱུར་བྱའི་དོན་སྟོན་བྱེད་ཀྱི་སྒྱུར་བྱེད་ཀྱི་ཐ་སྙད་འཕྲུལ་འཁོར་ཡིག་སྒྱུར་ལ་བརྟེན་དྲགས་ནས་ཡིག་འབྲུ་རེ་རེ་བཞིན་ཐད་སྒྱུར་བྱེད་མང་བ་དང་། ཚིག་གཅིག་དོན་མང་ལ་གོ་བའི་ཐ་སྙད་ཁག་གཅིག་སྐབས་ཐོག་མ་ཡིག་གི་ནང་དོན་དང་བསྟུན་ནས་བསྒྱུར་མི་ཐུབ་པ། མང་ཚོགས་ཀྱི་ངག་རྒྱུན་ལ་བྱང་པའི་ཐ་སྙད་ལ་སྣང་འཇོག་མ་བྱས་པར་ཨུ་ཚུགས་ཀྱིས་ཐ་སྙད་བཙན་སྒྱུར་བྱེད་པ། ཁ་སྐད་དང་སྔར་ནས་ཡོད་པའི་གཏམ་དཔེ་སྤྱོད་ཉུང་བ་དང་ཐ་སྙད་མང་པོ་ཞིག་བོད་རང་ལ་ཡོད་བཞིན་དུ་བཀོལ་སྤྱོད་མི་བྱེད་པར་རང་གིས་གསར་པ་བཟོས་པ་སོགས་ཀྱིས་ཡིན། དེས་ཤེས་རིག་སྒྲོག་སྤེལ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པས་ང་ཚོས་ཡིག་སྒྱུར་བྱེད་སྐབས་ངེས་པར་དུ་ཀློག་པ་པོ་ཨང་དང་པོར་འཇོག་དགོས། གལ་ཏེ་རང་གིས་ཡིག་སྒྱུར་བྱས་པ་དེ་ཀློག་པ་པོས་གོ་བ་མ་ལོན་ཚེ་མིག་ཚ་ཚ་དང་ལག་པ་ན་ན་ཡིག་སྒྱུར་བྱས་པ་ཐ་དག་ངལ་བ་འབྲས་མེད་ཀྱི་རྒྱུ་རུ་ཟད་པས་དེ་དོན་ལོ་ཙཱ་བས་མནོ་བསམ་གཏོང་དགོས་སོ།

    (བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་བསོད་ནམས་དཔའ་མོ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།